ཞི་ཅིན་ཕིང་ནས་ཀྲུང་དབྱང་གི་ཚོཊ་འདུ་གལ་ཆེན་འདི་གཙོ་སྐྱོང་གནང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཚེས་29ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་དུས་རབས་གསར་པ་ཚུན་ཁྱོན་ཡོངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག་སྐུལ་འདེད་བཏང་བ་ཞིག་ཡིན་པས། རྨང་གཞི་བརྟན་པོ་དང་མཐུན་རྐྱེན་འཛོམས་ཡོད། སྔར་ཡོད་ཀྱི་བསྒྱུར་བཅོས་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་བཀོལ་སྤྱོད་ཡག་པོ་བྱས་ཐོག བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་སྒྲུབ་བཅས་བྱེད་པ་དང་། ཕྱོགས་ཁག་གི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ། བསྒྱུར་བཅོས་ལས་འགན་གྱི་སྒྲིག་འཛུགས་ལག་བསྟར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་ཡོད།

     ཚོགས་འདུའི་ཐོག《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི〈ཆོད་དོན〉གྱི་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་བའི་ལས་བགོས་ཇུས་གཞི》དང《རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་མཐོར་འདེགས་འཐབ་ཇུས་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

     ཚོགས་འདུའི་ཐོག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། བསྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་300ལྷག་ཙམ་གཏན་འཁེལ་ཡོད། ཏང་ཀྲུང་དབྱང་གིས་བསྒྱུར་བཅོས་ལ་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས། བསྒྱུར་བཅོས་ཀྱི་འཐབ་ཇུས་གཙོ་གནད་དང་སྔོན་ལ་ལག་ལེན་བསྟར་བའི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། བསྒྱུར་བཅོས་བྱེད་ཐབས་ཀྱི་སྔ་གཞུག་གོ་རིམ་དང་གོམ་སྟབས་དང་གོ་སྐབས་བཀོད་སྒྲིག་ལུགས་མཐུན་བྱ་དགོས། བསྒྱུར་བཅོས་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བ་དང་ཟུང་འབྲེལ་སྔར་ལས་དམ་ཟབ་བྱས་ཐོག མཚོན་རྟགས་རང་བཞིན་གྱི་བསྒྱུར་བཅོས་བྱེད་ཐབས་མགྱོགས་མྱུར་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས། བསྒྱུར་བཅོས་མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ་དང་། བསྒྱུར་བཅོས་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐེབས་པའི་ཤུགས་རྐྱེན་ཐད་རང་འགུལ་ངང་དཔྱད་དཔོག་བྱེད་པ་བཅས་ཀྱིས་བསྒྱུར་བཅོས་དང་གོང་འཕེལ་གྱི་མཉམ་ཤུགས་ཆགས་པ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།

     ཚོགས་འདུའི་ཐོག བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དོན་འཁྱོལ་ལམ་སྲོལ་ལེགས་སུ་བཏང་ནས། གནད་དོན་གལ་ཆེན་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྣེ་ཁྲིད་སྡེ་ཚན་ཁག་དང་ཐེ་ཞུགས་སྡེ་ཚན་ཁག་གིས་འགན་འཁུར་ཕོད་པ་དང་དམ་འཛིན་དངོས་སྒྲུབ་བྱས་ནས། བསྒྱུར་བཅོས་གལ་ཆེན་ལ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྒྱུར་བཅོས་སྒྲིག་འཛུགས་དང་ལག་བསྟར་གྱི་ཇུས་གཞི་བཟོ་དགོས། བསྒྱུར་བཅོས་ལ་ལྟ་ཞིབ་དང་། ཕན་འབྲས་དཔྱད་དཔོག སྐོར་ཞིབ་སྐོར་གཟིགས་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། གྲུབ་འབྲས་དང་ཕན་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ཏེ་བསྒྱུར་བཅོས་ལ་ཞིབ་བཤེར་བྱ་དགོས་ཞེས་བསྟན་ཡོད།

     ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་ནས་བཙུགས་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་22ཀྱིས་མཚོན་རྟགས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལམ་ལུགས་གསར་གཏོད་གྲུབ་འབྲས་འབོར་ཆེན་ཞིག་བཏོན་ཡོད་པ་དང་། བསྒྱུར་བཅོས་སྒོ་དབྱེའི་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་མཐོར་འདེགས་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་རིམ་པ་སྔར་ལས་གཏིང་ཟབ་པའི་ནང་འཚོལ་ཞིབ་བྱས་ཏེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ལམ་ལུགས་ཅན་གྱི་སྒོ་དབྱེའི་ཆུ་ཚད་དང་། མ་ལག་རང་བཞིན་གྱི་བསྒྱུར་བཅོས་ཕན་འབྲས། སྒོ་དབྱེ་ཅན་གྱི་དཔལ་འབྱོར་སྤུས་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་ཡིན། ཆུ་ཚད་མཐོ་བའི་སྒོ་དབྱེས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་། ལམ་ལུགས་གསར་གཏོད་བྱ་རྒྱུས་ལྟེ་བ་བྱེད་པ། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱ་རྒྱུར་སྐུལ་མ་གཏོང་བ། གསར་གཏོད་རང་བཞིན་དང་འདུས་གྲུབ་རང་བཞིན་གྱི་འཚོལ་ཞིབ་བྱེད་པ། ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། མ་འཇོག་རང་མོས་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཉོ་ཚོང་དང་མ་འཇོག མ་དངུལ་ཁོར་རྒྱུག འགྲིམ་འགྲུལ་སྐྱེལ་འདྲེན། མི་སྣ་འགྲོ་འོང་བཅས་རང་མོས་སྟབས་བདེ་དང་གྲངས་གཞི་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་རྒྱུ་གཙོ་གནད་དུ་འཛིན་པའི་སྲིད་ཇུས་མ་ལག་སྔར་བས་འཐུས་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྒྲིག་སྲོལ་དང་སྒྲིག་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱ་ཆེ་རུ་བརྟན་པོའི་ངང་བཏང་ནས། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

     ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།