ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པར་མགོ་འཛིན་མཛད་སྐབས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་ཀྱི་སྒོ་ནས་བཅོས་སྒྱུར་གྱི་ལས་འགན་སྒྲིག་འཛུགས་དང་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།

ཟླ8པའི་ཚེས29ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་ནི་དུས་རབས་གསར་པའི་ཚུན་ལ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་རྨང་གཞིའི་སྟེང་སྐུལ་འདེད་བཏང་བ་ཞིག་ཡིན་པས། རྨང་གཞི་བརྟན་པོ་དང་དགེ་མཚན་ལྡན་པའི་ཆ་རྐྱེན་ལྡན། སྔར་ཡོད་ཀྱི་བཅོས་སྒྱུར་གྱི་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་བཀོལ་སྤྱོད་ཡག་པོ་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་སྒྲུབ་བཅས་བྱེད་པ་དང་།  ཕྱོགས་སོ་སོའི་བརྩོན་སེམས་ལེགས་པར་བསྐྱེད་ནས་བཅོས་སྒྱུར་གྱི་ལས་འགན་སྒྲིག་འཛུགས་དང་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་ཝང་ཧུའུ་ཉིང་།  ཚའེ་ཆི་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི〈ཆོད་དོན〉ལས་བསྟན་པའི་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ལག་བསྟར་མཐར་ཕྱིན་བྱེད་པའི་ལས་བགོས་ཇུས་གཞི》དང《རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་མཐོར་འདེགས་འཐབ་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར》སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ།  བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན300ལྷག་གཏན་འཁེལ་བྱས་ཡོད། ཏང་ཀྲུང་དབྱང་གིས་བཅོས་སྒྱུར་ལ་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཡར་ཞུ་དང་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས།  བཅོས་སྒྱུར་གྱི་འཐབ་ཇུས་གཙོ་གནད་དང་དམིགས་བསལ་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་།  བཅོས་སྒྱུར་བྱེད་ཐབས་ཀྱི་སྔ་ཕྱིའི་གོ་རིམ་དང་དུས་བསྟུན་བཀོད་སྒྲིག་འོས་འཚམ་བྱེད་དགོས།  བཅོས་སྒྱུར་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་སྔར་ལས་ཟུང་འབྲེལ་དམ་ཟབ་བྱས་ཏེ། མཚོན་རྟགས་རང་བཞིན་ལྡན་པའི་བཅོས་སྒྱུར་བྱེད་ཐབས་མགྱོགས་མྱུར་ངང་དོན་འཁྱོལ་ བྱེད་པར་སྐུལ་འདེད་གཏོང་དགོས།  བཅོས་སྒྱུར་མ་ལག་ཕྱོགས་བསྡུས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  བཅོས་སྒྱུར་གྱི་སྲིད་ཇུས་འཕེལ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་རང་འགུལ་སྒོས་དཔྱད་ཞིབ་གདེང་འཇོག་བཅས་བྱས་ཏེ།  བཅོས་སྒྱུར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆགས་པར་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན།  བཅོས་སྒྱུར་སྐུལ་སྤེལ་དོན་འཁྱོལ་ལམ་སྲོལ་ལེགས་བཅོས་བྱེད་པ་དང་། གནད་དོན་གལ་ཆེན་སྤྱི་འདོམས་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དགོས། སྣེ་ཁྲིད་ལས་ཁུངས་སོ་སོ་དང་ཟབ་ཞུགས་ལས་ཁུངས་སོ་སོས་འགན་འཁྲི་འཁུར་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ།  བཅོས་སྒྱུར་གལ་ཆེན་ལ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་པར་ཤུགས་སྣོན་པ་དང་བཅོས་སྒྱུར་གྱི་རྩ་འཛུགས་ལག་བསྟར་ཇུས་གཞི་བཟོ་དགོས།  བཅོས་སྒྱུར་ལྟ་ཞིབ་དང་། དཔྱད་དཔོག་ནུས་འདྲི།  སྐོར་གཟིགས་སྐོར་ཞིབ་སོགས་ཀྱི་བྱ་བར་ཤུགས་བསྣན་ནས། གྲུབ་འབྲས་དང་ཕན་འབྲས་དངོས་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་བཅོས་སྒྱུར་ལ་ཞིབ་བཤེར་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་ནས་བཙུགས་པའི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ22ཀྱིས་མཚོན་རྟགས་རང་བཞིན་དང་། སྣེ་ཁྲིད་རང་བཞིན་གྱི་ལམ་ལུགས་གསར་སྐྲུན་གྱི་གྲུབ་འབྲས་འབོར་ཆེན་ཞིག་བཏོན་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་གཏིང་ཟབ་པའི་སྒོ་ནས་འཚོལ་ཞིབ་བྱས་ཏེ། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ལམ་ལུགས་རྣམ་པའི་སྒོ་འབྱེད་ཆུ་ཚད་དང་། མ་ལག་རང་བཞིན་གྱི་བཅོས་སྒྱུར་གྱི་ཕན་འབྲས། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྤུས་ཚད་བཅས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་དེ་རེད།  ཆུ་ཚད་མཐོ་བའི་སྒོ་འབྱེད་ཁྲིད་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ལམ་ལུགས་གསར་སྐྲུན་བྱེད་པ་དཀྱིལ་སྙིང་དུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ།  སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་བསྔགས་སྐུལ་དང་། གསར་གཏོད་རང་བཞིན་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ་བྱེད་པ། ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ།  དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཉོ་ཚོང་དང་།  དངུལ་གཏོང་། མ་དངུལ་འཁོར་རྒྱུག  འགྲིམ་འགྲུལ་སྐྱེལ་འདྲེན། མི་སྣ་འགྲོ་འོང་རང་དབང་སྟབས་བདེ་དང་གཞི་གྲངས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་པ་བཅས་གཙོ་གནད་དུ་འཛིན་པའི་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ།  སྒྲིག་སྲོལ་དང་། ལམ་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་བརླིང་ངང་ཆེ་རུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་སུ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། ཁོན་ཐར་འཚོ།