མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྨ་སྟོད་ནོར་ལུག་གིས་ཟ་བ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གནས་སྤོ་ཡུལ་མིའི་སྡོད་ཁུལ་མགོ་ལོག་གྲོང་གསར་གྱི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་ནས་བསྐྱལ་ཡོང་བའི“རྩྭ་ཡི་སོབ་གོར”རེད། དེ་ནི་ད་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མགོ་ལོག་གྲོང་གསར་དུ་ལག་བསྟར་བྱས་པའི“ས་འཕུར”ལས་གཞི་རེད། དེས་རྨ་སྟོད་ཀྱི་ནོར་ལུག་ལ“ཕན་བདེ”བསྐྲུན་འདུག
ཟླ8པར། རྨ་སྟོད་རྫོང་མགོ་ལོག་གྲོང་གསར་གྱིས་འབའ་རྫོང་གཟན་རྩྭའི་རྟེན་གཞིའི་ས་མུའུ་ཁྲི1གི་གཟན་རྩྭ་བསྡུ་བར་ངང་སྒུག་བྱས་ཡོད། གཟན་རྩྭ་དེ་དག་རྨ་སྟོད་དུ་བསྐྱལ་ཏེ། རྗོང་ཡོངས་ཀྱི་ནོར་ལུག་ལ་སྤུས་ལེགས་པའི་སྔོ་སྐམ་སྤུས་ལེགས་འདོན་སྤྲོད་བྱ་རྒྱུ་རེད། དེའི་ནང་གི་གཟན་རྩྭ་ཁག་ཅིག་གསོག་འཇོག་བྱས་ཏེ་རྨ་སྟོད་རྫོང་ཕྱུགས་ལས་ཐོན་སྐྱེད་ནུས་པ་དང་། གནོད་འགོག་ཕྱུགས་སྐྱོང་གི་ནུས་པ་མཐོར་འདེགས། རྨ་སྟོད་རྫོང་གི་ཕྱུགས་ལས་དེ་སྲོལ་རྒྱུན་གྱི་གསོ་སྤེལ་ནས་གསོ་འཚོ་ཟུང་གི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏང་རྒྱུ་རེད།
མགོ་ལོག་གྲོང་གསར་ནི་མགོ་ལོག་ཁུལ་གྱི་ཁུལ་ཕྱིར་གནས་སྤར་པའི་སྡོད་ཁུལ་གཅིག་པར་རེད། དེ་འབའ་རྫོང་གི་འབབ་ཐང་ན་ཡོད་ཅིང་། ས་བབ་སྨི3300ན་ཡོད་པ་དང་། འབའ་རྫོང་གི་རྫོང་མཁར་དང་བར་ཐག་ལེ་དབར22ལས་མེད། སྡེ་བ་ཡོངས་ལ་ཁྱིམ་ཚང189ཡོད་པ་དང་། སྡེ་མི731། ངལ་རྩལ་བ313བཅས་ཡོད། གྲོང་གསར་དེར་གནས་སྤར་རྗེས། རྨ་སྟོད་རྫོང་གིས“གནས་སྤར་ཐུབ་ལ། བདེ་ལ་འགོད་ཐུབ་པ། གཏན་འཇགས་ཡོང་ཐུབ་པ། ཕྱུགས་འགྱུར་ཡོང་ཐུབ་པ”བཅས་ཀྱི་རྩ་དོན་ལྟར། སླད་ཕྱིན་གྱི་ཐོན་ལས་འཕེལ་རྒྱས་ལམ་ཕྱོགས་འཚོལ་ཞིབ་བྱས་ལ། “ས་འཕུར”གྱི་མིས་བཟོས་གཟན་རྩྭ་འདེབས་འཛུགས་ཐོན་ལས་ནི་དེའི་གྲས་ཀྱི་གཅིག་ཡིན།
“ས་འཕུར”སྟེ་ས་ཁོངས་བརྒལ་བའི་འདེབས་འཛུགས་ནི“མདའ་གཅིག་གིས་ཤྭ་བ་མང་བསད”ཀྱི་དཔེ་ཇི་བཞིན། རྨ་སྟོད་རྫོང་གིས་ཆུ་དྲོ་ལ་འགྲིམ་འགྲུལ་སྟབས་བདེ་བའི“ས་འཕུར”དེ་བདམས་ཏེ་མིས་བཟོས་གཟན་རྩྭ་འདེབས་འཛུགས་རྟེན་གཞི་བཙུགས་ཏེ། རྩྭ་ཐང་གི་ཕྱུགས་ལས་དེ་རང་བྱུང་གི་འཚོ་སྐྱོང་ནས་ཕྱུགས་གསོ་རར་གསོ་བ་དང་། གསོ་འཚོ་ཟུང་འབྲེལ་གྱི་ཐབས་དག་སྤྱད་དེ་རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་བ་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་རྨ་སྟོད་ཀྱི་གཟན་ཆས་མི་འདང་བའི་གནད་དོན་ཐག་གཅོད་བྱས། “ས་འཕུར”རྩྭ་འདེབས་ཀྱིས་ཞིང་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་བཅོས་སྒྱུར་ལ་སྐུལ་འདེད་དང་། ཐོན་ལས་སྒྲིག་གཞི་སྙོམས་སྒྲིག གཟན་རྩའི་ཐོན་ལས་ཀྱི་འཕེལ་རྒྱས་གནས་བབ་དང་མཚོ་སྔོན་ཞིང་ཆེན་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སོགས་པའི་གོ་སྐབས་ལ་གཞི་བཅོལ་ཏེ། རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་དང་། རྩྭ་ར་དང་སྒོ་ཟོག གཟན་ཆས་ཐོན་ཁུངས་བཅས་ཚན་རིག་མཐུན་པས་བེད་སྤྱོད་ལུགས་མཐུན་ཐུབ་པའི་མ་ལག་བཙུགས།
རྨ་སྟོད་རྫོང་ཞིང་ཕྱུགས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་འདི་སྐད། "གྲོང་ཚོ་ཐུན་མོང་གི་དཔལ་འབྱོར+ཁེ་ལས+འདེབས་འཛུགས་རྟེན་གཞི"ཡིས་སྲོལ་རྒྱུན་ཐོན་ལས་གོང་སྤེལ་གྱི་རྣམ་པ་བཅོས་སྒྱུར་བྱས་ཏེ། གཟན་རྩྭའི་ཐོན་འབོར་དང་འབྲོག་པའི་ཡོང་འབབ་འཕར་སྣོན་བྱུང་། གནོད་འགོག་གི་རིམ་པ་ནས་ཕུགས་ཕན་ཅན་གྱི་རྩྭ་ཕྱུགས་མཉམ་འགུལ་གྱི་ལམ་ལུགས་བཙུགས་ཏེ་ཞིང་པར་འབྲེལ་ནས་སྐུལ་ཁྲིད་བྱས་པས། འབྲོག་པ་མང་ཚོགས་ཕྱུག་འགྱུར་འབབ་འཕར་གྱི་ཐབས་ལམ་གཞན་ཞིག་ཏུ་གྱུར་ཡོད་ཟེར།
རྨ་སྟོད་རྫོང་ཞིང་ཕྱུགས་སྡེ་ཚན་དང་ཡུལ་དེའི་གཟན་ཆས་རྩྭ་འདེབས་ཁེ་ལས་ཀྱིས་མཉམ་ལས་གྲོས་ཆིངས་བཞག་ཡོད་ཅིང་། གཟན་རྩྭ་འདེབས་འཛུགས་ཁེ་ལས་ཀྱིས་རྐ་འབའ་སུམ་མདོ་གྲོང་རྡལ་དང་ཐང་མགོ་གྲོང་རྡལ་གྱི་ས་མུའུ་ཁྲི1དང་། གཟན་རྩྭ་གསོག་ཁང་སྨི་ངོས་སྙོམས་གྲུ་བཞི་མ1ཅན་བོགས་ཁང་གླས་ཡོད།
ཞིང་ཕྱུགས་ཅུས་ཀྱི་འགན་ཁུར་བས་རྩིས་ཤིག་བརྒྱབ་པ་ནི། ལོ་གཅིག་གི་རྩྭ་འདེབས་རྩྭ་ས་མུའུ་ཁྲི1གསར་འཛུགས་བྱས་ན། དེ་ལས་སྔོ་རྩྭ་སྐམ་པོ་ཆ་སྙོམས་སྟོང་ཁེ1000རེ་ཐོན་ཐུབ་པ་དང་། ལོའི་ཐོན་འབོར་ཏུན10000ཐོན་སྐྱེད་བྱ་ཐུབ། བསྡུ་ཉོའི་རིན་གོང་ཏུན་རེར་སྒོར1350བྱས་ན། ཕྱིར་འཚོང་གི་ཡོང་འབབ་སྒོར་ཁྲི1351རག་ཐུབ་ལ། དེ་ནི་ཕྱོགས་གཉིས་ཀའི་གན་རྒྱའི་ཁ་ཆད་ཀྱི་ནང་ལྟར་ཁེ་སྤོགས་བགོ་བཤའ་རྒྱག་དགོས་པ་རེད། ལས་གཞི་དེས་དུས་ཡུན་རིང་བོར་ཕན་ཁེ་བསྐྲུན་ཐུབ་ཆེད། ཡོང་འབབ་ལས་ལོ་སྔོན་པའི་གཟན་རྩྭ་འདེབས་འཛུགས་ཀྱི་འགྲོ་གྲོན་ལོགས་སུ་ཉར་བྱས་ནས་ལོ་ཕྱི་མའི་ལས་ཀའི་འགྲོ་གྲོན་ཐད་སྤྱད་དགོས། དེ་ལས་སྒོར་ཁྲི130 རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་གྲོང་ཚོ7གྱི་ཐུན་མོང་ཁེ་ཕན་དུ་བཞག དེའི་ལས་མགོ་ལོག་གྲོང་གསར་གྱིས40%ཟིན་ཡོད་པ་དང་། ལྷག་མ་གྲོང་ཚོ6གིས10%ཟིན། དེའི་ལྷག་མ་རྣམས་གཟན་རྩྭ་འདེབས་འཛུགས་ཁེ་ལས་ཀྱི་ཡོང་འབབ་ཏུ་བརྩི་བ་ཡིན་པས། རྨ་སྟོད་རྫོང་གིས་སྤུས་ལེགས་པའི་གཟན་རྩྭ་སྔོན་ལ་ཉོ་ཆོག་གི་ཡོད། ལས་གཞི་དེས་སྔོ་རྩྭ་སྐམ་པོ་ཐོན་སྐྱེད་བརྒྱུད་དེ་མངག་ཉོ་ལྟར་དུ་རྨ་སྟོང་རྫོང་གི་གསོ་སྤེལ་གཉེར་སྐྱོང་བྱེད་པོར་མཁོ་འདོན་བྱེད་ཀྱི་ཡོད། དེ་ཡང་སྔོ་སྐམ་ཏུན་རེ་ཡིས་མ་རྩ་སྒོར150གྲོན་ཆུང་ཐུབ་པ་དང་། ཐད་ཀར་ཉོས་ན་ཉོ་སྒྲུབ་ཀྱི་མ་རྩ་སྒོར་ཁྲི150གྲོན་ཆུང་ཐུབ་ཀྱི་ཡོད་པས། སྔོ་སྐམ་ཉོ་སྒྲུབ་ཀྱི་གོ་རིམ་ཁྲོད་ཁྲོམ་རའི་འཕར་ཆག་དང་སྐྱེལ་འདྲེན་ཁྲོད་ཀྱི་གོད་ཆག་ལ་སོགས་ཉེན་ཁ་ཇེ་ཆུང་དུ་གཏང་ཐུབ་ཀྱི་ཡོད།
“ས་འཕུར”ས་ཁོངས་བརྒལ་བའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་ལ་བརྟེན་ནས་རྨ་སྟོད་རྫོང་གཟན་རྩྭ་ཐོན་ལས་མ་ལག་གི་བྱེད་ནུས་ཇེ་ཆེར་དང་། གཟན་རྩྭ་ཐོན་ལས་མཁོ་འདོན་གྱི་ནུས་པ་ལེགས་སྒྱུར། ཕན་འབྲས་ལོན་ཐུབ་པའི་ཐོན་སྐྱེད་ཆུ་ཚད་མཐོར་འདེགས་ཐུབ་པས། རྨ་སྟོད་རྫོང་གི་ཕྱུགས་ལས“ཐོན་སྐྱེད་ཀྱི་ཚད་མཐོ་ཞིང་། སྤུས་ལེགས་པ། ཕན་འབྲས་ཆེ་བ”ཡི་རྒྱུན་མཐུད་གོང་འཕེལ་གྱི་ལམ་དུ་བསྐྱོད་པ་རེད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།