མཚོ་སྔོན་ཞིང་ཆེན་གྱིས་བོད་སྨན་གྱི་བཅོས་ཐབས་རྩལ་ནུས་འགྲན་སྡུར་སྐབས་ཐོག་མ་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8ཚེས2ཉིན།  མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་གཉིས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་བཅོས་ཐབས་ཀྱི་རྩལ་ནུས་འགྲན་སྡུར་སྐབས་ཐོག་མ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་དུ་བདེ་བླག་ངང་མཇུག་སྒྲིལ།   ཐེངས་དེའི་འགྲན་སྡུར་ནི་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་དོ་དམ་ཅུས་དང་རྨ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཉིས་ཀྱིས་མཉམ་དུ་བསྒྲུབས་པ་ཡིན་ཞིང་།  ཞིང་ཆེན་ཡོངས་ཀྱི་བོད་སོག་སྨན་ཁང27གྱི་ཕུལ་བྱུང་འགྲན་ཞུགས་པ73འགྲན་སྡུར་ལ་ཞུགས་ནས་བོད་སྨན་གྱི་སྲོལ་རྒྱུན་བཅོས་ཐབས་ཀྱི་ཐུན་མིན་ཁྱད་ཆོས་དང་མཆོག་ཏུ་གྱུར་བའི་ལག་རྩལ་མཉམ་དུ་ངོམ།

བོད་ཀྱི་གསོ་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་གསོ་རིག་བང་མཛོད་ནང་གི་ནོར་བུ་ཆེན་པོ་ཡིན་པས།  དེའི་ཐུན་མིན་གྱི་སྨན་བཅོས་དགོངས་གཞི་དང་བཅོས་ཐབས་ཕུན་སུམ་ཚོགས་པས་མི་དམངས་ཀྱི་བདེ་ཐང་ལ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ཐོན་གྱི་ཡོད།  ཐེངས་དེའི་འགྲན་སྡུར་གྱི་དམིགས་ཡུལ་ཡང་རྩལ་ནུས་འགྲན་སྡུར་ལ་བརྟེན་ནས་བོད་སྨན་དང་འཚམ་པའི་ལག་རྩལ་གྱི་ཉིང་བཅུད་སྔོག་འདོན་དང་རྒྱུན་འཛིན།  ཞིང་ཆེན་ཡོངས་ཀྱི་བོད་སྨན་སྨན་བཅོས་ཀྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཅས་གཏང་ཕྱིར་སྤེལ་བ་ཞིག་རེད།

འགྲན་སྡུར་གྱི་ནང་དོན་དུ།   མེ་བུམ་གསོ་བཅོས།  བསྐུ་མཉེ། དབྱུག་བཅོས་བཅས་རྣམ་གྲངས་གཙོ་བོ་གསུམ་བཀོད་སྒྲིག་བརྒྱབ་ཡོད་ཅིང་། ཚང་མ་བོད་ཀྱི་གསོ་རིག་གི་ཁྱད་ཆོས་ལྡན་པའི་བཅོས་ཐབས་རེད།  འགྲན་ཞུགས་པ་རྣམས་ཀྱིས་གཞུང་ལུགས་ཀྱི་ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་ངོམ་དགོས་པ་མ་ཟད།  ལག་རྩལ་གྱི་ཉིང་བཅུད་འདུས་པའི་ཞིབ་ཆ་ཅན་གྱི་ལག་རྩལ་ངོམ་ནས་སྨན་བཅོས་བརྒྱུད་རིམ་ཁྲོད་ཚད་ལྡན་ཡིན་ལ་ཕན་འབྲས་ཐོབ་པར་འགན་ལེན་བྱས་དགོས་པ་རེད།  མཚོ་སྔོན་ཞིང་ཆེན་བོད་སྨན་སློབ་ཚོགས་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་གླིང་། ཡ་རྫིའི་ཀྲུང་བོད་སྨན་ཁང་།  ཀན་སུའུ་ཞིང་ཆེན་གྱི་བོད་སྨན་ཁང་དུ་མ་བཅས་ཀྱི་ཕུལ་བྱུང་ཆེད་མཁས་པས་གྲུབ་པའི་དཔྱད་འདེམས་ཚོགས་པས།   གཟབ་ནན་ཡིན་ལ་དྲང་བདེན་གྱི་རྣམ་འགྱུར་དང་ཆེད་ལས་ཀྱི་མཐོང་སྣེ་ནས་འགྲན་ཞུགས་པ་སོ་སོའི་ལག་རྩལ་ལ་ཕྱོགས་ཡོངས་ནས་དཔྱད་འཇོག་ཞིབ་རྒྱས་བྱས།

ཐེངས་འདིའི་འགྲན་སྡུར་གྱིས་བོད་ཀྱི་གསོ་རིག་གི་སྡེ་ཡི་འཇོན་མིའི་འཇོན་ཐང་དང་སྟོབས་ཤུགས་ངོམ་པར་མ་ཟད།  རྒྱ་ཆེའི་བོད་སྨན་གྱི་ལས་ཀ་གཉེར་མཁན་རྣམས་ཀྱིས་བོད་ཀྱི་གསོ་རིག་བྱ་གཞག་འཛིན་སྐྱོང་སྤེལ་གསུམ་བྱ་བར་སྤྲོ་སེམས་ཆེན་མོ་དང་གདེང་སེམས་ཆེན་པོ་བསླང་ངེས་པས།  བོད་སྨན་གྱི་སྲོལ་རྒྱུན་བཅོས་ཐབས་རྒྱུན་འཛིན་དང་གསར་གཏོད་ཐད་ལ་གསོན་ཤུགས་གསར་པ་བསྣན་ཡོད་དོ། །

རྩོམ་སྒྲིག་པ། ཁོན་ཐར་འཚོ།