མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8ཚེས10ཉིན། མཚོ་སྔོན་སྣུམ་ཞིང་ན་གོར་མོ་སྣུམ་སྦྱང་བཟོ་གྲྭའི་རླུང་འབུད་འབར་སྣུམ་ཨང་རྟགས3པ(མཁའ་འགྲུལ་སོལ་སྣུམ་ཡང་ཟེར)བོད་སྐྱོད་ལྕགས་ལམ་དུ་འདྲེན་མགོ་རྩོམ་པའི་མཛད་སྒོ་བདེ་བླག་ངང་བསྡུས་ཤིང་། དེ་ནི་མཚོ་སྔོན་སྣུམ་ཞིང་གིས་བོད་ལྗོངས་ལ་མཁའ་འགྲུལ་སོལ་སྣུམ་མཁོ་འདོན་འགན་སྲུང་བྱེད་པའི་ཡོལ་བ་དངོས་པའི་མཚོན་རྟགས་རེད།
རྒྱུས་ལོན་པ་ལྟར་ན། དུས་ཡུན་རིང་པོ་ཞིག་ལ། མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱིས་སྤྱོད་བཞིན་པའི་མཁའ་འགྲུལ་སོལ་སྣུམ་གྱི་འབྱུང་ཁུངས་གཙོ་བོ་ཀྲུང་གོའི་རྡོ་སྣུམ་ལན་ཀྲོའུ་རྡོ་འགྱུར་ཀུང་སི་དང་ཡུས་མན་སྣུམ་སྦྱང་ཀུང་སི་ནས་ཡིན་པ་དང་། སྐྱེལ་འདྲེན་ལམ་ཐག་རིང་བའི་རྐྱེན་གྱིས་མ་རྩ་མཐོ་ཞིང་། འགན་སྲུང་དཀའ་ཁག་ཆེ་བ་ལ་སོགས་ཀྱི་གནད་དོན་བྱུང་།
ཉེ་བའི་ལོ་རིང་ལ། ན་གོར་མོ་སྣུམ་སྦྱངས་བཟོ་གྲྭས་སྣུམ་སྦྱང་རྫས་འགྱུར་བཟོ་ལས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་སྟེ། 2023ལོར་སྔ་གཞུག་ཏུ་མཁའ་འགྲུལ་སོལ་སྣུམཆིང་སྣོན(加氢)སྒྲིག་སྦྱོར་ཆ་ཚང་གཉིས་དམངས་སྤྱོད་མཁའ་འགྲུལ་ལ་འཚམ་པའི་ཞིབ་དཔྱད་གཏན་འབེབས་ལས་ཀ་བསྒྲུབས་ནས་རླུང་འབུད་འབར་རྫས་ཨང་རྟགས་གསུམ་པ་ཐེངས་དུ་མར་དམངས་སྤྱོད་མཁའ་འགྲུལ་ཚད་ལེན་ཚོད་ལྟ་ལྟེ་གནས་དང་ཕྱོགས་གསུམ་པའི་ཐོན་རྫས་ཆེད་བཤེར་ལས་ཁུངས་སུ་བསྐྱལ་ནས་དཔྱད་ཞིབ་ཚད་ལེན་བྱས་པ་ན། མཁའ་འགྲུལ་སོལ་སྣུམ་གྱི་ཟུར་ལྟའི་གྲངས་ཀ་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞི་ལས་ལེགས་པ་མངོན། མཐར་མཁའ་འགྲུལ་སོལ་སྣུམ་ཆིང་སྣོན་སྒྲིག་ཆས་དེ་གཉིས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ནས་ངོས་འཛིན་ར་སྤྲོད་བྱས། ད་སྔ་ན་གོར་མོ་གྲོང་ཁྱེར་གྱི་སྣུམ་སྦྱང་བཟོ་གྲྭས་ལོ་རེར་ཏུན་ཁྲི15བཟོ་སྣོན་ཐུབ་པའི་མཁའ་འགྲུལ་སོལ་སྣུམ་ཆིང་སྣོན་སྒྲིག་ཆས་ཆ་ཚང་དང་། སྨི་རྒྱ་དཔངས་གྲུ་བཞི5000ཅན་གྱི་མཁའ་འགྲུལ་སོལ་སྣུམ་གསོག་སྣོད་དང་མཁའ་འགྲུལ་སོལ་སྣུམ་གྱི་མེ་འཁོར་འཁྲུད་ཆས་སྒྲིག་ཆས་བཅས་བསྒྲིགས་ཏེ། མ་བཅོས་རྒྱུ་ཆ་རླངས་འབེབས་ཁྲའེ་སྣུམ་ཡངས་པོ་བྱས་ནས་བཟོ་རྩལ་ཐད་སྲོལ་རྒྱུན་གྱི་ཆིང་སྣོན་གྱི་ལག་རྩལ་སྤུས་ལེགས་སྤྱད་ཡོད། ད་ལོ་ནས་བཟུང་། རླུང་འབུད་འབར་རྫས་ཨང་རྟགས3པ་ཏུན7600ལྷག་ཕྱིར་བཙོངས་ཡོད།
ཐེངས་འདིའི་མཁའ་འགྲུལ་སོལ་སྣུམ་བོད་ལྗོངས་སུ་འདྲེན་པ་དེས་མཚོ་སྔོན་སྣུམ་ཞིང་གི་དགེ་མཚན་ལྡན་པའི་སྣུམ་སྦྱང་ཐོན་རྫས་ཀྱི་ཁྲོམ་རའི་ཟིན་ཚད་རྒྱ་བསྐྱེད་དང་། མཚོ་བོད་ས་ཁུལ་གཉིས་ཀྱི་དམངས་སྤྱོད་མཁའ་འགྲུལ་ལ་མཁའ་འགྲུལ་སོལ་སྣུམ་མཁོ་འདོན་བྱེད་པའི་སྒྲིག་གཞི་མུ་མཐུད་བཅོས་བསྒྱུར་ཐུབ་རྒྱུ་མ་ཟད། ཞིང་ལྗོངས་གཉིས་ཀྱི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡར་ངོའི་ཟླ་ལྟར་འཕེལ་བར་དུས་དང་ཤུགས་གང་རུང་གི་ཆ་ལ་སྔར་ལས་ལྷག་པའི་འགན་སྲུང་ཡག་པོ་འདོན་ཐུབ་རྒྱུ་རེད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།