མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ནོར་ནག་ཐོན་ལས་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཞིང་འབྲོག་ལས་གོང་སྤེལ་གྱི“ཐོན་ལས་དང་པོ”དང“ཚོང་རྟགས་དང་པོ”ཡིན། གཞི་གྲངས་ལྟར་ན། ད་སྔ་ཡུལ་ཤུལ་ནོར་ནག་ལ་མགོ་གྲངས་ཁྲི148.95ཡོད་པ་དང་། ཧ་ལམ་འཛམ་གླིང་ཡོངས་ཀྱི་ནོར་ནག་སྤྱི་འབོར་གྱི་བཅུ་ཆའི་གཅིག་ཟིན་ཡོད།
ཉེ་བའི་ལོ་རིང་ལ། ཡུལ་ཤུལ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ“སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་བྱེད་པའི་ལྗང་མདོག་འཕེལ་རྒྱས”ཀྱི་བསམ་བློ་རྒྱུན་བསྐྱངས་ཏེ། སྐྱེ་ཁམས་ཕྱུགས་ལས་སྤུས་ལེགས་གོང་དུ་སྤེལ་བའི་ལམ་དུ་བསྐྱོད་ནས་ཡུལ་ཤུལ་ནོར་ནག་གི་ཚོང་རྟགས་གྲགས་ཅན་བཏོད། ད་སྔ་ཡུལ་ཤུལ་ཁུལ་གྱིས་ནོར་ནག་ཐོན་ལས་གོང་སྤེལ་གྱི་ཐབས་ལམ་འཚོལ་ཞིབ་དང་། ཐོན་ལས་འབྲེལ་ཐག་བཟོ་སྒང་ཡིན་པས། ནོར་ནག་ཐོན་ལས་གོང་ནས་གོང་དུ་སྤེལ་བཞིན་ཡོད།
སྐྱེ་ཁམས་གཞི་བྱས་སྤུས་ཀར་བརྩོན།
ཡུལ་ཤུལ་ཁུལ་ལ་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ཡོད་པས། ཕྱུགས་ལས་དར་སྤེལ་དགོས་ན་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གཙིགས་སུ་འཛིན་དགོས། ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཉི་མ་ཚེ་རིང་གིས་འདི་སྐད། ཡུལ་ཤུལ་གྱི་ཆེས་རྩ་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་རྩ་ཆེ་བའི་སྐྱེ་ཁམས་ནི་རྩྭ་ཐང་ཡིན། རྩྭ་ཐང་གི་ཆེས་སྲོག་སྙིང་དུ་གྱུར་བའི་གྲུབ་ཆ་ཉག་ཅིག་ནི་ནོར་ནག་ཡིན། ཞེས2023ལོའི་ཚོང་རྟགས་གྲགས་ཅན་གྱི་ཞིང་ལས་ཞིང་ལྷའི་གླེང་སྟེགས་སྟེང་བརྗོད། ཁོས་མུ་མཐུད་དུ། ནོར་ནག་གི་ཚོང་རྟགས་གྲགས་ཅན་བཟོ་བར་མཚོན་ན་མཚོ་བོད་མཐོ་སྒང་གི་གདོད་མའི་སྐྱེ་ཁམས་སྲུང་སྐྱོབ་ལ་འབྲེལ་བ་དམ་པོ་ཡོད་པས། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱས་ཏེ། སྐྱེ་ཁམས་སྔོན་སྤེལ་གྱི་ཁྲོད་ནས་སྤྱི་ཚོགས་ཀྱི་ཕན་ཁེ་དང་སྐྱེ་ཁམས་ཀྱི་ཕན་འབྲས་གཉིས་མཉམ་དུ་ཐོབ་ཐུབ་པར་བྱ་དགོས་ཞེས་བསྟན།
ཡུལ་ཤུལ་ཁུལ་ཀྲུང་གོའི་ཁྱད་ལྡན་ཐོན་རྫས་དགེ་མཚན་ཁུལ་དུ་བདམས་ཤིང་། ནོར་ནག་གི་མགོ་གྲངས་ཞིང་ཆེན་ཡོངས་ཀྱི་དང་པོར་ཆགས་པ་དང་། རྩྭ་ས་ལ་སྤྱི་ཆིང་ཁྲི2000ཡོད། དེའི་ནང་ཆུ་དམར་ལེབ་རྫོང་དུ་ཁྱོན་བསྡོམས་རང་བྱུང་རྩྭ་ར་སྤྱི་ཆིང་ཁྲི220.5ཡོད་པས། རྫོང་དེའི་རང་བྱུང་རྩྭ་ས་དང་ཕྱུགས་ཟོག་ལ་སྐྱེ་ལྡན་ཐོན་རྫས་ངོས་འཛིན་ཁས་ལེན་གྱི་དཔང་བདེན་ཐོབ་ཡོད།
སྣེ་གཅིག་སྐྱེ་ཁམས་ཁོར་ཡུག་ལ་འབྲེལ་ཅིང་། སྣེ་གཅིག་ནོར་ནག་ཐོན་ལས་གོང་སྤེལ་ལ་འབྲེལ་ཡོད། མི་དང་རྩྭ་ཕྱུགས་ཀྱི་གོང་སྤེལ་དོ་མཉམ་ཇི་ལྟར་ཡོང་དགོས་པའི་གནད་དོན་ཕྱོགས་ནས་ཡུལ་ཤུལ་ཁུལ་གྱིས་ཐོན་ལས་ལམ་ལུགས་བཅོས་སྒྱུར་བྱས་ཏེ། “དུས་བཞིར་འཚོ་སྐྱོང”གི་བྱེད་ཐབས་བཏོན་པ་སྟེ། རྩྭ་ས་དུས་བཞི་ལ་བགོས་ཏེ། དུས་ཚིགས་རེའི་ནང་རྩྭ་ས་རེ་ནས་འཚོ་སྐྱོང་བྱས་ན། རྩྭ་ས་ལྷག་མ་རྣམས་ལོ་རེར་ཟླ་བ9རིང་ལ་ངལ་གསོའམ་རྩྭ་གསོ་བའི་དུས་ཚོད་ཡོད་པར་བརྟེན། འབྲོག་པའི་སྒོ་ཕྱུགས་ལ་དུས་ཚིགས་བཞི་བོར་རྩྭ་ཟ་རྒྱུ་ཡོད་ལ། རྩྭ་སའི་སྐྱེ་ཁམས་ལ་ཡང་སྲུང་སྐྱོབ་ལེགས་པོ་ཐུབ། ལྷག་པར་དུ་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། རྩྭ་ཕྱུགས་གཉིས་ཀ་དོ་མཉམ་ཡོང་བར་ཡང་འགན་ལེན་ཐུབ་ཅེས་ཟེར།
ནམ་མཁའ་སྔོ་ཞིང་དྭངས་ལ། སྤྲིན་དཀར་ལང་ལོང་རྒྱུ་བའི་འོག་ན། བྱ་བྱའུ་སྐད་སྙན་སྒྲོག་ཅིང་། མེ་ཏོག་གི་དྲི་བསུང་འཐུལ་བ་དང་། བཏུང་བ་ཆུ་གསུམ་འགོ་ཁུངས་ཀྱི་ཆབ་ཆུ་སྔོན་མོ་དང་། ཟས་སུ་སྨན་རྩྭ་སྣ1300རོལ་བའི་ཡུལ་ཤུལ་གྱི་དག་ཞིང་ཆེན་པོ་དེ་རུ་མཚར་ལོངས་བྱུང་བའི་ནོར་ནག་གི་རྒྱུ་སྤུས་ལ་ཚང་མས་ཁས་ལེན་མི་བྱེད་མཁན་མེད་ལ། འཛམ་གླིང་རིམ་པའི་ཤ་རིགས་ཀྱི་དཔྱད་བསྡུར་ཁྲོད་དུའང་ནོར་ནག་གི་མཆོག་ཏུ་བགྲང་ཡོད།
རྒྱུད་ཁོངས་གཙིགས་སུ་བཞག་ནས་ཟོག་རྒྱུད་འཛིན།
ཡུལ་ཤུལ་ནོར་ནག་ནི་གྲང་རེག་ཆེ་བའི་མཐོ་སྒང་ས་ཁུལ་དུ་འཚོ་བའི་རྒྱུད་བཟང་ལ་དག་པས། ས་གནས་ཀྱི་ཟོག་རྒྱུད་ཐུན་མིན་ཞིག་གྲུབ་ཡོད་དེ། སྐྱེས་འཚར་མགྱོགས་ལ། བཤའ་མྱུར་བ། ཤ་གཙང་བ། བོངས་ཆེ་བ། ཤའི་ཐོན་རྫས་ཀྱི་སྤུས་ལེགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། མཐོ་སྒང་ནོར་ནག་གི་རིགས་རྒྱུད་ཁྲོད་གོ་གནས་གལ་ཆེན་ཟིན།
དེ་ལས་གལ་ཆེ་བ་ཞིག་ནི། ཡུལ་ཤུལ་ནོར་ནག་གི་རྒྱུད་ཁོངས་དེ་དེད་ན་ཡུལ་ཤུལ་གྱི་འབྲོང་ཚ་རེད། རགས་རྩིས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ནོར་ནག་གི་ཁ་གྲངས་ཁྲི1.6ཡོད་པ་དང་། དེ་ལས་ཆུ་དམར་ལེབ་རྫོང་དུ་ཁྲི1.2ཡོད་པ་རེད། འབྲོང་དང་ནོར་ནག་བསྡེབས་པ་ལས་འབྲོང་ཚ་བྱུང་བ་དང་། གཉིས་ཀའི་ཁྱད་ཆོས་འབྲོང་ཚ་ལྡན་པས་ན་སྐྱེས་འཚར་མགྱོགས་ལ། རིམས་འགོག་གི་ནུས་པ་ལྡན་པ། གཟུགས་བོངས་ཆེ་བ། མཚོ་འཕགས་མཐོ་སར་འཚམ་པའི་ཁྱད་ཆོས་ལྡན། ཆུ་དམར་ལེབ་རྫོང་གིས་ཁྱད་ཆོས་དེ་ཤེས་ནས་འབྲོང་ཚ་དག་མ་གསོ་སྤེལ་རྟེན་གཞི་འཛུགས་མགོ་བརྩམས་ཡོད།
ས་བོན་གྱི“ཉིང་ལེབ”དེར་དམ་འཛིན་བྱས་ཏེ། ཡུལ་ཤུལ་ཁུལ་གྱིས་རིགས་རྒྱུད་གསོ་སྤེལ་ལ་སྐུལ་འདེད་བཏང་། ད་སྔ་ཡུལ་ཤུལ་ཁུལ་དུ་ཞིང་ཆེན་རིམ་པའི“ཡུལ་ཤུལ་ནོར་ནག”གི་རིགས་རྒྱུད་གསོ་ས་གཅིག་དང་། ཁུལ་དང་རྫོང་རིམ་པའི་ཡུལ་ཤུལ་ནོར་ནག་གི་རྒྱུད་བཟང་ལྟེ་གནས་བདུན། ནོར་ནག་རྒྱུད་བཟང་གསོ་སྤེལ་རྟེན་གཞི20། ཡུལ་ཤུལ་ནོར་ནག་གསོ་སྤེལ་དཔེ་སྟོན་ཁྱིམ་ཚང40བཅས་བཙུགས་ཡོད་ཅིང་། སྔ་རྗེས་སུ་འབྲོང་ཚ་ཁྲི2ལྷག་འཕེལ་བས། ཁུལ་ཡོངས་ཀྱི་ཟོག་རྒྱུད་འདེམ་གསོ་བྱ་བའི་འཕེལ་ཁ་ཇེ་ལེགས་སུ་ཕྱིན་ཡོད།
རྒྱུད་ཁོངས་དག་མས་ཡུལ་ཤུལ་ནོར་ནག་གི་ཐོན་ལས་ལ“སེམས་ཤུགས་བསྩལ”། ཡུལ་ཤུལ་ཁུལ་གྱིས་ཟོག་རྒྱུད་བཟང་པོ་སྤེལ་མཁན་ཁྱིམ་ཚང་དང་། སྐྱེ་ཁམས(ཁྱིམ་ཚང)ཞིང་ཕྱུགས་ར་བ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་། ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས། སྤྱི་ཚོགས་ཅན་གྱི་ཞབས་ཞུ་ཚོགས་པ་སོགས་གསར་དུ་དར་བའི་གཉེར་སྐྱོང་བྱེད་པོས་གཉེར་སྐྱོང་ཚད་ལྡན་ཡོང་བར་ཁྲིད་སྟོན་དང་གོང་སྤེལ་ལ་རྒྱབ་སྐྱོར་ཧུར་ཐག་བྱས། ཁུལ་ཡོངས་སུ་ད་ལྟ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང206ཡོད་ཅིང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང745། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ120བཅས་ཡོད། 2022ལོར་ཁུལ་ཡོངས་སུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་དངུལ་དམར་ཁེ་འབབ་བགོ་བཤའ་སྒོར་ཁྲི4000ལ་བརྒལ།
ཐོན་ལས་དོན་གྱིས་བསྐྱངས་ནས་ཡིད་རྟོན་སྲུང་།
འཛམ་གླིང་ནོར་ནག་གི་ལྟ་ས་མཚོ་སྔོན་ཡིན་ལ། མཚོ་སྔོན་ནོར་ནག་གི་རེ་ས་ཡུལ་ཤུལ་ཡིན། ཡུལ་ཤུལ་གྱི་ནོར་ནག་རྒྱུད་བཟང་ལ་དག་པས། དོན་དམ“ཡུལ་ཤུལ་ནོར་ནག”གི་རིན་གོང་ཚད་བརྒལ་དང་ཕན་ཕྱོད་འབབ་འཕར་གྱི་དམིགས་འབེན་ཇི་ལྟར་མངོན་འགྱུར་བྱ་དགོས་ཞེ་ན། ལན་ནི་ཚོང་རྟགས་གྲགས་ཅན་གྱི་ལམ་དུ་འདོང་དགོས་པ་དེ་རེད།
ཚོང་རྟགས་གྲགས་ཅན་ནི་ཡོད་རྟོན་གྱི་བསྡུས་གཟུགས་ལྟ་བུ་ཡིན། ད་ལོར་ཡུལ་ཤུལ་ཁུལ་དང་ཀྲུང་གོའི་ཞིང་ལས་གློག་བརྙན་བརྙན་འཕྲིན་ལྟེ་གནས་དང་། པེ་ཅིན་ཏུང་ཅིན་ཆི་ཏིན་ཀུང་སི་བཅས་ཕྱོགས་གསུམ་པས་མཉམ་དུ“ཡུལ་ཤུལ་ནོར་ནག”ས་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་བཟོས་ཏེ། ཡུལ་ཤུལ་གྱི་ལོ་རྒྱུས་དང་མི་ཆོས། ས་ཁམས་ཆགས་ཚུལ། ཐོན་རྫས་ཀྱི་ཁྱད་ཆོས་བཅས་སྔོག་འདོན་བྱས་ནས་ཡུལ་ཤུལ་ནོར་ནག་གི་ཚོང་རྟགས་གྲགས་ཅན་ལ་སྲོག་རྒྱུན་མང་པོ་བསྩལ་བ་དང་། ཡིད་འགུགས་ཀྱི་ནུས་པ་བསྐྱེད་ནས་ཚོང་རྟགས་ཀྱི་རིན་ཐང་ཆེ་ཤོས་མངོན་འགྱུར་བྱས།
ཚོང་རྟགས་གྲགས་ཅན་བཏོད་པའི་གོ་རིམ་ཁྲོད། ཡུལ་ཤུལ་ཁུལ་གྱིས་པེ་ཅིང་གི་ཧྥུ་ལའེ་བློ་འདྲི་བར་འབྲེལ་བ་བྱས་ནས་ཡུལ་ཤུལ་ནོར་ནག་གི“ཚོང་རྟགས་ཀྱིས་ཐོན་ལས་ལ་སྒུལ་ཤུགས་འདོན་པ་དང་། ཁྲོམ་ར་ཡིས་ཕྱིར་སྐྱེ་ཁམས་གསོ་བའི”གཅིག་ལ་གཅིག་བརྟེན་གྱི་འཕེལ་རྒྱས་ཐབས་ལམ་བཟོས།
ཉི་མ་ཚེ་རིང་གིས་འདི་སྐད། ཧྥུ་ལའེ་བློ་འདྲི་ཡིས་འཚོལ་ཞིབ་བྱུང་བའི་ཡུལ་ཤུལ་ནོར་ནག་གི་འཕེལ་རྒྱས་ལམ་བུ་ནི། འབྲོང་ཚ་གཙོ་བྱས་པའི་ཚད་གཞི་མཐོ་ཤོས་ཀྱི་སྐམས་ཤ་ཐོན་རྫས་ཡིན། འབྲོང་ཚ་གཞི་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་ཐོན་རྫས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཐོན་ལས་ཀྱི་དཀའ་གནད་ཐག་གཅོད་བྱས་ནས་ནོར་ནག་ཐོན་ལས་རྒྱུད་མ་ཆད་པར་སྤུས་ལེགས་པའི་སྒོ་ནས་གོང་དུ་སྤེལ་རྒྱུ། དེ་བཞིན་དུ་ནོར་ནག་གི“ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས།”གསུམ་གྱི་བྱེད་ནུས་ཆེན་པོ་གསུམ་གཞི་བྱས་ཏེ། ཧྥུ་ལའེ་བློ་འདྲིས་ཡུལ་ཤུལ་ནོར་ནག་ལ་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས། ཚེ་སྲོག་བཅས“རྣམ་པ་བཞི་གཅིག་དུ་དྲིལ་བའི”མཚོ་བོད་མཐོ་སྒང་སྤྱི་མཐུན་གྱི་ཐུན་མོང་འདུ་ཤེས་བཏོན་པར་མ་ཟད། དེ་ལ་བརྟེན་ནས་མི་དང་རྩྭ་ཕྱུགས་དོ་མཉམ་ཡོང་བར་རམ་འདེགས་བྱས་ནས་སྐྱེ་ཁམས་སྔོན་སྤེལ་བྱེད་པའི“ཡུལ་ཤུལ་གྱི་མ་དཔེ”བསྐྲུན་པའི་བྱེད་ཐབས་ཀྱང་བཏོན་ཟེར།
རྩོམ་སྒྲིག་པ། ཁོན་ཐར་འཚོ།