འབྲི་ཆུའི་འགོ་ཁུངས་སུ་སྤེལ་བའི་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

དབྱང་གཞུང་གི་མཚོ་བོད་མཐོ་སྒང་གི་མཁའ་དབུགས་ཅུང་བསིལ་ཞིང་།  ཆུ་བེད་པུའུ་འབྲི་ཆུ་ཆུ་བེད་ཨུ་ཡོན་ལྷན་ཁང་འབྲི་ཆུའི་ཚན་རིག་གླིང་སོགས་ལས་ཁུངས་ནས་ཡོང་བའི་ཚན་ཞིབ་པ20ལྷག་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་ནས་མཉམ་དུ་ནུབ་ཏུ་ཕྱོགས་ཏེ་འབྲི་ཆུའི་འགོ་ཁུངས་ཁུལ་གྱི་ལྟེ་བར་བསྐྱོད་ནས་ལོ་རེ་ཡི་འབྲི་ཆུའི་ཕྱོགས་བསྡུས་ཚན་ཞིབ་ལས་ཀའི་མགོ་བརྩམས།

   འབྲི་ཆུ་འགོ་ཁུངས་ཡོད་སའི་རྨ་འབྲི་རྫ་གསུམ་འབྱུང་ཁུལ་ལ་ཀྲུང་ཧྭའི་ཆུ་མཛོད་ཅེས་སུ་གྲགས་ཤིང་།  སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན།  འབྲི་ཆུ་ཚན་རིག་གླིང་གི་སྤྱི་ཁྱབ་བཟོ་སྐྲུན་པ་ཞུས་ཕིང་གིས་འདི་སྐད། 2012ལོ་ནས་བཟུང་།  འབྲི་ཆུ་ཚན་རིག་གླིང་གིས་ལོ་རེར་འབྲི་ཆུའི་འགོ་ཁུངས་སུ་ཚན་རིག་རྟོག་ཞིབ་བྱས་ཏེ།  འབྲི་ཆུའི་འགོ་ཁུངས་ཀྱི་སྣོད་བཅུད་ཀྱི་མ་གདན་ལ་མཐིལ་རྟོགས་དང་འབྲི་ཆུའི་འགོ་ཁུངས་ཀྱི་འགྱུར་ལྡོག་གི་ཆོས་ཉིད་འཚོལ་ཞིབ་བྱས་ནས་འབྲི་ཆུའི་འགོ་ཁུངས་ཀྱི་ལྐོག་གྱུར་གྱི་ཞལ་ཁེབས་རིམ་ཀྱིས་ཕྱེས་པ་ཡིན་ཟེར།

   འབྲི་ཆུ་ཚན་རིག་གླིང་དུ་ལས་འཁྱུར་ངལ་གསོ་བརྒྱབ་ནས་ལོ8འགོར་ཡོད་པའི་དེ་སྔའི་གླིང་གཙོ་ཀའོ་ཞི་ལིན་ནི་འབྲི་ཆུའི་འགོ་ཁུངས་ཚན་རིག་རྟོག་ཞིབ་ཀྱི་སྲོལ་བཏོད་མཁན་ཉག་ཅིག་ཡིན།   ལོ་དུ་མའི་རྗེས་སུ་ཁོ་རང་ཡང་བསྐྱར་འབྲི་ཆུའི་འགོ་ཁུངས་སུ་བཅར་བ་ན།  ཡུན་རིང་ཞིག་ལ་ཁ་བྲལ་བའི་སྔོན་ཆད་ཀྱི་ཡོད་ཚད་ཡིད་ལ་འཁོར།

 ཀའོ་ཞི་ལིན་གྱིས་འདི་སྐད།  འབྲི་ཆུའི་འགོ་ཁུངས་ཁུལ་ནི་གནམ་གཤིས་འགྱུར་ལྡོག་གི་འཕྲལ་བསྟུན་ས་ཁུལ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་པའི་ས་ཁུལ་ཡིན་པས། མཁའ་རླུང་གཏད་རྒྱུག་ས་ཁོངས་ཀྱི་མ་ལག་གཏན་འཇགས་དང་།  ཆུའི་ཐོན་ཁུངས་འགན་སྲུང་།  སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ།  སྐྱེ་དངོས་མ་ལག་གི་བདེ་འཇགས་བཅས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།  “ཆུ་བེད་མ་ལག་གི་ཚན་ཞིབ་སྡེ་ཚན་གལ་ཆེན་ཞིག་ཡིན་པའི་ཆ་ནས་འབྲི་ཆུའི་ཚན་ཞིབ་གླིང་གིས་སྔ་ས་ནས་འཆར་འགོད་བཟོས་ཏེ་ཆུ་འགོར་ཕྱོགས་བསྡུས་ཚན་ཞིབ་བྱས་པ་ཡིན་ཟེར། ”

  ཟམ་མི་ཆད་པའི་ཆུ་རྒྱུན་འདི་མཚོ་བོད་མཐོ་སྒང་ནས་ཤར་ཕྱོགས་སུ་བབས་ཤིང་།  འབྲི་ཆུ་རུ་འདུས་ཏེ་ད་གཟོད་ལེ་དབར་ཁྲི་ཕྲག་གི་རི་ཆུ་སྟོང་ཕྲག་མང་པོ་དང་སེམས་ཅན་བགྲང་གིས་མི་ལང་བ་བརླན་གྱིས་གསོས་པ་རེད།

  འབྲི་ཆུའི་འགོ་ཁུངས་ཀྱི་ཚན་རིག་རྟོག་ཞིབ་ནི་རྟོགས་དཀའ་བའི་འབྱུང་འགྱུར་གྱི་འཇིག་རྟེན་འཚོལ་ཞིབ་བྱེད་པ་ཞིག་ཡིན་ལ།  དཀའ་སྡུག་ཧ་ཅང་ཆེ་བའི“མཐུད་ཤུགས་འགྲན་སློང”ཞིག་ཀྱང་རེད། 

    ཀའོ་ཞི་ལིན་གྱིས་འདི་སྐད།  ཆེས་ཐོག་མའི་དུས་སུ་ཆུ་ནང་དུ་ལག་མྱོང་བྱེད་པ་ལྟར་ལས་ཀ་བསྒྲུབ་པ་ཡིན་ཟེར། ལོ་ངོ་བཅུ་ལྷག་གི་སྔོན་ལ། འབྲི་ཆུ་ས་ཁུལ་གྱི་འགྲིམ་འགྲུལ་དྲ་རྒྱ་འཐུས་ཚང་མིན།  ཁོ་ཚོས་འབྲི་ཆུའི་འགོ་ཁུངས་ཐོ་ཐོ་གཙང་བོར་བརྒལ་ཆེད།  རླངས་འཁོར་བསྐོར་ནས་རི་ཀློང་ཐང་གསུམ་དུ་རྒྱུག་པ་དང་། དུས་རྒྱུན་དུ་འདམ་རྫབ་ལ་ལྷུང་བཞིན་ཡོད།  ས་སྲོད་ལ་བསླེབ་དུས་ཁོ་ཚོ་ས་གང་དུ་བསླེབ་ན་དེ་གར་གུར་ཕུག་ནས་གནས་བཅའ་བ་ཡིན་ཟེར།

  ཉེ་བའི་ལོ་རིང་ལ། དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བ་དང་བསྟུན་ནས་འབྲི་ཆུའི་འགོ་ཁུངས་ས་ཁུལ་གྱི་འགྲིམ་འགྲུལ་སྒྲིག་ཆས་འཛུགས་སྐྲུན་རིམ་བཞིན་འཐུས་ཚང་དུ་བཏང་སྟེ།  ཡུལ་དེའི་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཡོད་པར་མ་ཟད།  ཚན་ཞིབ་ལས་ཀར་ཡང་སྟབས་བདེ་བསྐྲུན།  ཁོད་སྙོམས་པའི་གཞུང་ལམ་རི་ལུང་བརྒལ་ཏེ་འབྲི་ཆུའི་ལྟེ་བར་བསྐྱངས་པ་མཐོང་མ་ཐག   ཀའོ་ཞིས་ལིན་སེམས་ཧ་ཅང་དགའ་ནས་འདི་སྐད།  “རྐང་འོག་ན་ལམ་ཡོད་དུས།  ཚན་ཞིབ་བྱེད་ན་ཡང་བློ་བདེ” ཟེར།

  “མཐུད་ཤུགས་འགྲན་སློང”འདིའི་ཁྲོད་དུ།  ཚན་ཞིབ་རུ་ཁག་སྐོར་དང་སྐོར་ཡིས་ས་མཐོའི་གསོ་རླུང་དཀོན་པའི་དཀའ་བ་ཁྱད་དུ་བསད་དེ་འབྲི་ཆུའི་འགོ་ཁུངས་ཁུལ་དུ་བསྐྱོད་ནས་ཚན་ཞིབ་ཀྱི་ལས་ལ་གཞོལ།  ཚན་ཞིབ་ཀྱི་ཁྱབ་ཚད་དང་གཏིང་ཚད་རིམ་བཞིན་དུ་རྒྱ་བསྐྱེད་ཅིང་།  ཐོག་མར་དོ་སྣང་བྱེད་པའི་ཆུའི་རིག་གནས་དང་ཆུ་དང་ཟེགས་མ་ཙམ་ནས་རིམ་བཞིན་དུ་ཆུ་བོའི་འབབ་ཚད་དང་།  ཁོར་ཡུག  སྐྱེ་ཁམས། ཐོན་ཁུངས།  ས་ཆུ་ཤོར་ཚུལ།  འཁྱགས་རོམ་ལ་སོགས་ཕྱོགས་སུ་བསྐྱེད།

 འབྲི་ཆུའི་འགོ་ཁུངས་ཁུལ་དུ་གསར་འགོད་པས་མི་མེད་གནམ་གྲུ་ལ་བརྟེན་ནས་ཆུ་འགོའི་དྲ་བར་འབྲེལ་བའི་ཆུ་རྒྱུན་མཐོང་བས་ཧ་ཅང་ངོ་མཚར་སྐྱེས།  འབྲི་ཆུ་ཚན་རིག་གླིང་གི་ཆུ་རྒྱུན་ཞིབ་འཇུག་ཁང་གི་འབུམ་རམས་པ་ལིའུ་ཡུས་ཅའོ་ཡིས་འདི་སྐད། དེ་ནི་འབྲི་ཆུའི་འགོ་ཁུངས་ན་ཡོད་པའི་ཆུ་ལག་གི་ཁྱད་ཆོས་གལ་ཆེན་ཉག་ཅིག་རེད།  འབྲི་ཆུའི་འགོ་ཁུངས་ས་ཁུལ་གྱི་ཆུ་རྒྱུན་འབབ་ཚད་ཆེ་ལ།  བཞུར་རྒྱུན་མྱུར་བས་ངོགས་གཉིས་ཀྱི་རི་བོའི་བཀག་རྒྱ་རང་བཞིན་གྱིས་ཉུང་བ་དང་། ཁ་ཞེང་ཅུང་ཆེ་བའི་གཞོང་དུ་འབབ་པས།   ད་གཟོད་ཆུ་ལག་སྣ་ཚོགས་གཅིག་ནས་གཅིག་བསྡེབས་པའི‘སྐྲའི་ལན་བུ’ཡི་རྣམ་པ་གྲུབ་ཡོད་ཟེར།  དེ་མ་ཟད་རི་རྩེ་ས་ལ་ལར་རྩི་ཤིང་མི་སྐྱེས་ཤིང་།  རྩེ་མོ་དགུང་ལ་ཟུག་པའི་གཡང་གཟར་ཆེ་བའི་བྲག་དང་གཡའ་མ་ཁོ་ནས་གྲུབ་ཡོད།  རི་སྐེད་མན་ཆད་སྔོ་ལྗང་ལོ་མས་མགོ་ལྕོག་ལྡེམ་ཞིང་།   འབྲོང་ཁྱུ་སྐོར་དང་སྐོར་བྱས་ནས་རྒྱུ།   འབྲི་ཆུའི་ཚན་ཞིབ་གླིང་གི་བྲག་གཡའ་མའི་གཙོ་གནད་ཉམས་ཞིབ་ཁང་གི་འབུམ་རམས་པ་ཧྥན་ཡུའེ་ཡིས་འགྲེལ་བཤད་རྒྱག་དོན།  སའི་ཆགས་དབྱིབས་ལས་བལྟས་འོང་ན།  སྔོན་ཆད་གནས་འདི་འཁྱགས་རོམ་ཆགས་མྱོང་ས་ཞིག་རེད།  གནམ་གཤིས་འགྱུར་ལྡོག་གི་དབང་གིས་རི་རྩེའི་འཁྱགས་རོམ་རིམ་གྱིས་ཞུ་བ་དང་།  འཁྱགས་རོམ་འོག་གི་གཡའ་མ་ཆར་རླུང་གིས་ཟད་ཚད་ཡུན་རིང་བོར་འགོར་མི་འདུག   རྩྭ་རྩི་ཤིང་གིས་ཡོངས་སུ་ཁེབས་མེད་པས།  ད་ལྟའི་འཁྱགས་ཟད་ཀྱི་ས་གཤིས་རྣམ་པ་འདི་གྲུབ་པ་རེད་ཟེར།

རྙེད་སོན་གསར་པ་དང་། ཞིབ་འཇུག་གསར་པ་རིམ་བཞིན་བྱུང་བ་སྟེ།  འབྲི་ཆུའི་འགོ་ཁུངས་སུ་གནས་པའི་ཉ་རིགས་གཙོ་བོ་མི་ཐབས་ལ་བརྟེན་ནས་གསོ་སྤེལ་མངོན་འགྱུར་བྱུང་བ་དང་།  དྲོད་ལྡན་ཅན་གྱི་ཚོད་ལྟ་ལ་བརྟེན་ནས་དྲོད་ཚད་དང་འབྲི་ཆུའི་སྐྱེ་དངོས་སྣ་མང་རང་བཞིན་བར་གྱི་འབྲེལ་བ་ཤེས་རྟོགས་བྱུང་།  དཔེ་གཟུགས་ཀྱི་སྒོ་ནས་ཆུའི་རླབས་ཤུགས་རྒྱག་ཚད་ཚོད་ལྟ་བྱས་པ་ལས་ས་ཆུ་ཤོར་བའི་ས་ཁོངས་ཀྱི་དབྱེ་བ་རྙེད་པ་སོགས་འབྲི་ཆུའི་འགོ་ཁུངས་སུ་ལོ་ངོ་བཅུའི་རིང་ལ་བརྩམས་པའི་དཔྱད་རྩོམ་ཕྱོགས་བསྡུས་ཀྱི་དེབ་མཐུག་པོའི་ཁ་ཕྱེས་པ་ན།  འབྲི་ཆུའི་འགོ་ཁུངས་ཀྱི་ཆུའི་ཐོན་ཁུངས་སྐོར་གྱི་རྩོམ་ཡིག་དང་། ཆུའི་སྐྱེ་ཁམས།  ས་ཆུ་སྲུང་འཛིན་ལ་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་དཔྱད་རྩོམ100ལྷག་དེབ་དེར་བཅུག་ཡོད་དོ། །   “དཔྱད་རྩོམ་མང་ཆེ་ཤོས་ཉེ་བའི་ལོ་འདི་དག་རིང་ལ་སྤེལ་བ་ཡིན་པས་འབྲི་ཆུའི་འགོ་ཁུངས་ཀྱི་ཚན་ཞིབ་གྲུབ་འབྲས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཕྱུར་ཡོད”ཅེས་ཞུས་ཕིང་གིས་དེ་ལྟར་བརྗོད།  འབྲི་ཆུའི་འགོ་ཁུངས་ཀྱི་ཚན་ཞིབ་ཀྱིས་ཆུ་བོ་འབབ་ཁོངས་ཀྱི་ཟུར་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  འབྲི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་འཕེལ་འགྱུར་གྱི་ཆོས་ཉིད་ཞིབ་འཇུག་རིམ་བཞིན་ཟབ་སར་བསྐྱོད་པས། “ཚན་ཞིབ་རྣམ་གྲངས་དུ་མའི་གྲུབ་འབྲས‘འཛམ་གླིང་སྟེང་གི་ཐོག་མ’” རུ་གྱུར་ཡོད་ཟེར།  འབྲི་ཆུའི་འགོ་ཁུངས་ཀྱི་ཚན་ཞིབ་གཏིང་ཟབ་ཏུ་འཇུག་པ་དང་བསྟུན་ནས་ན་གཞོན་ཚན་ཞིབ་རུ་མི་སྐོར་ཞིག་གིས་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་འགན་འཁྲི་དང་ཁག་ཁུར་མངོན། 

  ཚན་ཞིབ་ཁྲོད་དུས་རྒྱུན་གནས་གཅིག་ལ་བསླེབ་ཐེངས་རེར།  འབྲི་ཆུའི་ཚན་ཞིབ་གླིང་ཆུ་རྒྱུན་ཆུ་ཁོངས་ཞིབ་འཇུག་ཁང་གི“90རྗེས”ཀྱི་རུ་མི་ཆའོ་ཆིང་ལུང་གིས་ཆུ་ལྭ་གྱོན་ཞིང་ལག་དྲ་བཟུང་ནས་རྒྱུག་ཆེ་བའི་འཁྱགས་ཆུར་བརྒལ་ནས་ཆུ་ཁར་གཡེང་བའི་རྩི་ཤིང་དང་ཆུ་འབུ།  ཉ་རིགས་འཚོལ་སྡུད་བྱེད་ཅིང་། ལས་དེ་ཆུ་ཚོད་གཅིག་ལྷག་རིང་ལ་བསྒྲུབས་དགོས།  ཁོའི་ཁ་པར་གྱི་ས་ཁྲ་བཀླག་དུས།  མཚོ་བོད་མཐོ་སྒང་གི་ས་ཆ་རེ་རེ་ལ་རྟགས་བརྒྱབ་ནས་གྲོག་ཚང་ཁ་ཕྱེས་པ་དང་འདྲ།      དེ་ནི་ལོ་ངོ་དྲུག་རིང་ལ་ངས་ཚན་རིག་རྟོག་ཞིབ་བྱས་པའི་རྗེས་ཤུལ་ཡིན།  ས་ཁྲའི་ཁ་ཕྱེས་ཐེངས་རེར་འབྲི་ཆུའི་འགོ་ཁུངས་ཁུལ་ལ་དུང་བ་ལྷད་མེད་ཅིག་སྐྱེས་འོང་ཞེས་ཆའོ་ཆིང་ལུང་གིས་བཤད།  ཁོས་མུ་མཐུད་དུ་འབྲི་ཆུའི་འགོ་ཁུངས་ས་ཁུལ་ལ་བློ་ཡུལ་འགོངས་བའི་སྔར་མེད་ཀྱི་འགུག་ཤུགས་དང་འགྲན་རྩོད་གསར་པ་ཞིག་བསྐྱེད་བྱུང་།  ཡུལ་དེར་གོམ་པ་བརྒྱབ་མ་ཐག་ཏུ་དཀའ་སྡུག་དང་ངལ་བ་ཡོད་ཚད་ཚན་ཞིབ་ཀྱི་གྲུབ་འབྲས་གསར་པ་དང་ཐོབ་བྱ་གསར་པ་ཞིག་ཏུ་བསྒྱུར་སྲིད་ཟེར། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།