ཁྲེང་ཏུའུ་ནས་དབུས་ཚྭ་མཚོའི་བར་ཆུ་ཚོད2དང་སྐར་མ30ལས་མི་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས30ཉིན།  བོད་ལྗོངས་མཁའ་འགྲུལTV9965རྟགས་ཅན་གྱི་གནམ་གྲུ་བདེ་བླག་ངང་ན་གོར་མོའི་གནམ་ཐང་དུ་བབས་པ་ནི་ན་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ཡུལ་སྐོར་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པའི་མཚོན་རྟགས་ཤིག་ཡིན།  མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དང་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་གྲོས་ཐོག་ཤར་གཏོང་བྱས་པའི་ཁྲེང་ཏུའུ་ནས་ན་གོར་མོའི་བར་གྱི་ཐད་གཏོང་གནམ་གྲུ་དེ་ཆེས་མགྱོགས་པ་ཆུ་ཚོད2.5ཡིས་བསླེབ་ཐུབ་པ་རེད། མཁའ་ལམ་དེ་ཚྭ་མཚོ་མ་རྐང་གིས་དཔལ་འབྱོར་འཕར་གནས་གསར་པ་ཞིག་ཏེ།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་དང་འབྲེལ་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

  ཉེ་བའི་ལོ་རིང་ལ།  ཚྭ་མཚོ་མ་རྐང་གིས་ཚྭ་མཚོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་གཞི་བཅོལ་ཏེ།  འཕེལ་རྒྱས་ཀྱི་ལམ་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཚྭ་མཚོའི་ཡུལ་སྐོར་དང་ཁམས་གསོ་ཆེན་མོའི་ཐོན་ལས་ཀྱི་འཆར་འགོད་དང་བཀོད་ཁྱབ་མུ་མཐུད་ནས་འཐུས་ཚང་དུ་བཏང་། ད་སྔ་དབུས་ཚྭ་མཚོའི་ལྗོངས་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་ཚ་ཤོས་སུ་གྱུར་ཡོད།  ན་ནིང་ནས་བཟུང་ལྗོངས་ཁུལ་གྱིས་སྔ་ཕྱིར་ཡུལ་སྐོར་བ་མི་ཐེངས་ཁྲི110བརྒལ་བ་སྣེ་ལེན་བྱས་ཡོད།  རྟོག་ཞིབ་ཀྱི་བསྡོམས་རྩིས་ལྟར་ན།  ལྗོངས་ཁུལ་གྱི་མགྲོན་པོ་མང་ཆེ་བ་སི་ཁྲོན་ཕྱོགས་ཀྱི་ཡུལ་སྐོར་བ་རེད།   ཁྲེང་ཏུའུ་ནས་ཐད་ཀར་གནམ་གྲུ་བསྡད་དེ་ན་གོར་མོར་ཡོང་ན་འགྲོ་འོང་ཧ་ཅང་སྟབས་བདེ་བ་མ་ཟད།  ཡུལ་སྐོར་བའི་ལྗོངས་རྒྱུ་དང་མྱོང་རོལ་ཕྱོགས་ལ་ཡང་དགེ་མཚན་མི་དམན་པ་ཞིག་ལྡན།  ལྗོངས་ཁུལ་གྱི་འགན་ཁུར་བས་ངོ་སྤྲོད་ལྟར་ན།  ས་གནས་གཉིས་བར་གྱི་ཐད་གཏོང་མཁའ་ལམ་ནི་བོད་ལྗོངས་མཁའ་འགྲུལ་གྱིས་ལག་བསྟར་བྱས་པ་ཡིན་ཞིང་།  མཁའ་འགྲུལA319རྟགས་ཅན་གྱི་གནམ་གྲུ་བཀོད་གཏོང་བྱེད་བཞིན་ཡོད།  གཟའ་འཁོར་རེར་ཐེངས་གསུམ་རེར་གཏང་འཆར་ཡོད་དེ།  གཟའ་རེའི་གཟའ་མིག་དམར་དང་།  གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་གཏང་འཆར་ཡོད།  ཐེངས་དེའི་ཐོག་མར་ཤར་གཏོང་བྱས་པའི་གནམ་གྲུར་མི102བསྡད་དེ་ཁྲེང་ཏུའུ་ནས་ན་གོར་མོའི་ཕྱོགས་སུ་བཏང་།  ན་གོར་མོ་ནས་ཁྲེང་ཏུའུ་ཕྱོགས་ཀྱི་གནམ་གྲུར་མི125བསྡད་ཡོད་ཅིང་།  ཆ་སྙོམས་ཀྱི་མགྲོན་པོ་སྡོད་ཚད90%ལ་བསླེབས་ཡོད་དོ། །

ཐད་གཏོང་གནམ་གྲུ་ཤར་གཏོང་བྱས་རྗེས། དེ་ནི་ས་གནས་གཉིས་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ཐད་ལ་བཙུགས་པའི་མཁའ་ཟམ་ཞིག་ཡིན་པར་མ་ཟད།  ནུབ་རྒྱུད་གསར་སྤེལ་ཆེན་པོར་ཞབས་ཞུ་སྔར་ལས་ལྷག་པ་འདོན་པ་དང་།  ས་ཁོངས་གཅིག་གྱུར་ཅན་དུ་མགྱོགས་པོར་བསྒྱུར་བའི་ཇུས་ཆོད་གལ་ཆེན་ཞིག་ཀྱང་རེད།   ཚྭ་མཚོ་མ་རྐང་གིས་ཚྭ་མཚོའི་ཡུལ་སྐོར་གོང་སྤེལ་གྱི་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ།  “མཁའ་འགྲུལ+”ལ་བརྟེན་ནས་ཚྭ་མཚོའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་འདོན་པ་དང་། ཚྭ་མཚོའི་གྲོང་རྡལ་ཆུང་ངུའི་ལས་གཞི་དང་།  ཡུལ་སྐོར་ལྟེ་གནས་ཤར་མ།   མའོ་ཐིན་འཁོར་ལོ་སོགས་ལས་གཞི་གལ་ཆེན་སྐོར་ཞིག་ལ་མགྱོགས་པོར་སྐུལ་འདེད་བཏང་ནས་དབུས་ཚྭ་མཚོ་དེ་བཟོ་ལས་དང་། ཡུལ་སྐོར།  ཚན་ཞིབ་བཅས་གཅིག་ཏུ་དྲིལ་བའི་ཕྱོགས་བསྡུས་རང་བཞིན་གྱི་གསར་སྤེལ་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུ་མ་ཟད།  དེ་ཚྭ་མཚོ་མ་རྐང་ཀུང་སིའི་འཕར་གནས་གསར་པ་དང་འཕར་ཚད་གསར་པ་ཞིག་ཏུ་བསྒྱུར་རྒྱུ་རེད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།