ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁངབཅས་ཀྱིས་ཐང་ཧུང་པོ་དང་། ཐང་ཧྲིན་ཅེ་དང་ཅང་ཞིན་ལིན་བཅས་ལ་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གནང་རྒྱུའི་ཆོད་དོན་སྤེལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁངབཅས་ཀྱིས་ཟླ7པའི་ཚེས་26ཉིན་ཐང་ཧུང་པོ་ལ་རིམ་པའི་གཉིས་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས་གནང་རྒྱུ་དང་། ཐང་ཧྲིན་ཅེ་དང་ཅང་ཞིན་ལིན་ལ་མཁའ་སྐྱོད་པ་དཔའ་བོ་ཞེས་པའི་གཟི་བརྗིད་མཚན་སྙན་གནང་རྒྱུ་མ་ཟད་རིམ་པའི་གསུམ་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས་གནང་རྒྱུའི་ཆོད་དོན་སྤེལ། 

ཆོད་དོན་གྱི་ནང་དོན་གཤམ་གསལ་ལྟར། 

2023ལོའི་ཟླ10པའི་ཚེས26ཉིན། ལྷ་གྲུ་བཅུ་བདུན་པ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་བདེ་བླག་ངང་གཏོང་འཕེན་བྱས་པ་དང་།    འཇིག་རྟེན་འཕུར་སྐྱོད་པ་ཐང་ཧུང་པོ་དང་ཐང་ཧྲིན་ཅེ།    ཅང་ཞིན་ལིན་བཅས་འཕུར་གྲུར་བསྡད་དེ་གནམ་བདེ་ལྟེ་བའི་གྲུ་ཁང་དུ་བདེ་བླག་ངང་འབྱོར་བ་དང་གནས་དེར་ཟླ་བ་དྲུག་གི་རིང་བསྡད་ནས།    སྔ་རྗེས་སུ་གྲུ་ཁང་ནས་ཕྱིར་འབུད་པའི་བྱེད་སྒོ་ཐེངས་གཉིས་སྤེལ་བ་དང་།    དངོས་ཟོག་སྐྱེལ་བའི་འཁོར་ཁང་དུ་ལས་འགན་ཐེངས8ལག་བསྟར་བྱས་ལ།    བར་སྣང་ས་ཚིགས་འཛུགས་སྐྲུན་རིམ་སྤོར་སྲུང་སྐྱོང་ཉམས་གསོའི་ལས་འགན་སྣ50ལྷག་ལེགས་འགྲུབ་བྱས་ནས།    2024ལོའི་ཟླ4པའི་ཚེས30ཉིན་བདེ་འཇགས་ངང་ཕྱིར་ལོག     ལྷ་གྲུ་བཅུ་བདུན་པའི་མི་སྡོད་འཕུར་གྲུའི་ལས་འགན་ནི་རང་རྒྱལ་གྱི་མི་སྡོད་འཕུར་གྲུའི་བཟོ་སྐྲུན་དེ་བར་སྣང་ས་ཚིགས་སུ་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་དུས་མཚམས་སུ་སླེབས་པའི་མི་སྡོད་འཕུར་སྐྱོད་ལས་འགན་ཐེངས་གཉིས་པ་ཡིན་པ་དང་།    འཁོར་ལམ་ནས་ཐོག་དང་པོར་འཕུར་ཆས་ཀྱི་གྲུ་ཁང་ཕྱི་རོལ་དུ་སྒྲིག་ཆས་ཉམས་གསོ་བྱས་པ་དང་།    གྲུ་ཁང་ཕྱི་རོལ་དུ་ཕྱིར་མངོན་པའི་ཚོད་ལྟའི་རྒྱུ་ཆའི་མ་དཔེ་སྐོར་དང་པོ་བདེ་བླག་ངང་ཕྱིར་བླངས་པ་དང་། དེ་ལས་ཀྲུང་གོའི་མཁའ་སྐྱོད་ལས་དོན་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་གྱི་གོམ་སྟབས་གསར་པ་སྤོས་པ་མཚོན་ལ།   རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་བ།    ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

ལྷ་གྲུ་བཅུ་བདུན་པའི་མི་སྡོད་འཕུར་གྲུའི་ལས་འགན་ཡོངས་འགྲུབ་བྱས་པ་དེས་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་།    མཁའ་སྐྱོད་པ།    ལས་བྱེད་མི་སྣ།    བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ཤུགས་གཅིག་ཏུ་བསྡུས་ཡོད།    བློ་མཐུན་ཐང་ཧུང་པོ་དང་ཐང་ཧྲིན་ཅེ།    ཅང་ཞིན་ལིན་བཅས་ནི་དེའི་ནང་གི་ཕུལ་དུ་བྱུང་བའི་འཐུས་མི་ཡིན་ཞིང་།    ཁོ་ཚོས་ཏང་ལ་བློ་རྩ་བརྟན་པོ་དང་ལས་འགན་ལ་བློ་དཀར་བ།    དཀའ་ངལ་དང་ཉེན་ཁར་མི་སྐྲག་པ།    འབད་བརྩོན་ལྷོད་མེད་བཅས་བྱས་ནས་འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས།     བློ་མཐུན་ཐང་ཧུང་པོ་ལོ་གཉིས་འགོར་རྗེས་སླར་ཡང་བར་སྣང་དུ་བསྐྱོད་པར་མ་ཟད་བཀོད་འདོམས་པའི་འགན་ཁུར་ནས་ཡང་བསྐྱར་བར་སྣང་ས་ཚིགས་སུ་བསྐྱོད་པའི་མཁའ་སྐྱོད་པ་དང་པོར་གྱུར་ཏེ། ཀྲུང་གོའི་མཁའ་སྐྱོད་པ་འཁོར་ལམ་དུ་འཕུར་སྐྱོད་བྱས་པའི་དུས་ཡུན་གྱི་ཟིན་ཐོ་གསར་པ་བཏོད།     བློ་མཐུན་ཐང་ཧྲིན་ཅེ་ནི་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྦྱོང་བརྡར་བྱེད་མཁན་ཞིག་ཡིན་ཞིང་།    མིག་སྔར་རང་རྒྱལ་གྱི་བར་སྣང་དུ་བསྐྱོད་པའི་ལོ་ན་ཆེས་གཞོན་པའི་མཁའ་སྐྱོད་པ་ཞིག་ཡིན་པ་དང་།   མཁའ་སྐྱོད་པ་སྐོར་གསུམ་པའི་ཁྲོད་ཀྱི་འཁོར་ལམ་དུ་བསྐྱོད་ནས་བྱེད་སྒོ་སྤེལ་མཁན་གྱི་མཁའ་སྐྱོད་པ་ཐོག་མ་ཡིན།     བློ་མཐུན་ཅང་ཞིན་ལིན་གྱིས་གྲུ་ཁང་ཕྱི་རོལ་གྱི་ཉམས་གསོའི་ལས་རིགས་གཙོ་གནད་དུ་བཟུང་ནས་བྱ་བ་སྒྲུབ་པའི་འགན་འཁུར་ཞིང་།    ལག་རྩལ་ལ་བྱང་ཆུབ་པ་དང་བབ་བརླིང་གིས་འཕུར་གྲུ་འཕུར་ཐེངས་དང་པོར་འགན་འཁུར་བའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས།     ཁོ་ཚོས་རང་རྒྱལ་གྱི་མི་སྡོད་འཕུར་གྲུའི་ལས་དོན་ཐད་བཞག་པའི་གཟེངས་སུ་ཐོན་པའི་བྱས་རྗེས་ལ་གཟེངས་བསྟོད་བྱ་ཆེད།    ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཐང་ཧུང་པོ་ལ“རིམ་པ་གཉིས་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”གནང་རྒྱུ་དང་།   ཐང་ཧྲིན་ཅེ་དང་ཅང་ཞིན་ལིན་ལ“མཁའ་སྐྱོད་པ་དཔ་བོའི”གཟི་བརྗིད་མཚན་སྙན་གནང་གནང་རྒྱུ་མ་ཟད“རིམ་པ་གསུམ་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”གནང་རྒྱུའི་ཐག་བཅད་པ་ཡིན།

བློ་མཐུན་ཐང་ཧུང་པོ་དང་ཐང་ཧྲིན་ཅེ།    ཅང་ཞིན་ལིན་བཅས་ནི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་། བླ་ན་མེད་པའི་ལས་དོན་གྱི་ཆེད་དུ་བྱས་རྗེས་བཞག་པའི་དུས་རབས་ཀྱི་གདོང་ལེན་པ་ཡིན་ཞིང་།    འཇིག་རྟེན་འཚོལ་ཞིབ་དང་བར་སྣང་རྩད་ཞིབ།    མཁའ་སྐྱོད་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་བྱེད་པའི་དཔེ་དམག་བཟང་པོ་རེད།     ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།   ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས།    གཟེངས་བསྟོད་ཐོབ་པའི་མཁའ་སྐྱོད་པ་དག་མིག་དཔེར་བྱས་ཏེ“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།    “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།    “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ།    བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ།    ནུས་ཤུགས་ཡོད་རྒུས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། འབད་བརྩོན་ལྷོད་མེད་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོནལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན། 

རྩོམ་སྒྲིག་པ། ཨ་གཡང་སྐྱིད།