མི་དམངས་དྲ་བས་ཟླ7ཚེས16ཉིན་སྤེལ་བའི་འཕྲིན། ཟླ7ཚེས15ཉིན་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐིན་དབྱི་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གཉིས་ཀྱིས་མཉམ་དུ་རྩོམ་སྒྲིག་གནང་བའི《མཐོ་སྒང་གི་ཁམས་གསོ་གནས་མཆོག་མཚོ་སྔོན》ཞེས་པ་དངོས་སུ་འགྲེམས་སྤེལ་བྱས་ཤིང་། བརྩམས་ཆོས་ཁྱབ་སྒྲོག་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས།
རྒྱུས་ལོན་པ་ལྟར་ན། 《མཐོ་སྒང་གི་ཁམས་གསོ་གནས་མཆོག་མཚོ་སྔོན》ཞེས་པའི་དེབ་དེར་ཁྱོན་ལེའུ13དང་ས་བཅད60ཡོད་ཅིང་། མཐོ་སྒང་གི་ཁམས་གསོའི་སྤྱི་མཚན་དང་ནང་དོན། མཐོ་སྒང་གི་གནས་གང་དུ་ཁམས་གསོ་བྱེད་པ། མཐོ་སྒང་གི་ཁམས་གསོ་ལ་ཚང་དགོས་པའི་ཆ་རྐྱེན། ས་བབ་དམའ་བའི་བདེ་ཐང་ས་ཁུལ་གྱི་མི་ནས་མཐོ་སྒང་གི་ཁམས་གསོའི་བར་དུ་རང་ཉིད་ཀྱི་བདེ་ཐང་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ། མཐོ་སྒང་ནས་ཚོ་བྱང་བ་དང་མཐོ་སྒང་དུ་ཁམས་གསོ་བྱས་ན་གཅིན་སྙི་ཟ་ཁུ་ནད་དང་ཚོ་རྒྱས་པ་ལ་ཕན་ནུས་ཅི་ཞིག་ལྡན་པ་བཅས་ཁག་ལྔ་ཡི་སྒོ་ནས་མཐོ་སྒང་ཁམས་གསོ་དང་དེའི་དོན་སྙིང་གསལ་བོར་བརྗོད་ཡོད་པ་མ་ཟད། མཐོ་སྒང་ཁམས་གསོ་ཡི་ཕན་ནུས་མང་པོ་ཞིག་བསྟན་ཡོད།
དཔེ་དེབ་པར་སྐྲུན་བྱས་རྗེས་ཀུན་གྱིས་མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ངོས་ཟིན་ལ་རྒྱུ་ཆ་རྩ་ཆེན་ཞིག་མཁོ་འདོན་བྱས་ཡོད་པ་མ་ཟད། མཚོ་སྔོན་མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་ལ་གཞུང་ལུགས་ཀྱིས་རམ་འདེགས་བཏོན་ཡོད་ཅེས་མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ཆེད་ཚན་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཝང་ཅིན་གྱིས་དེ་སྐད་ཟེར།
རྩོམ་སྒྲིག་པ། ཁོན་ཐར་འཚོ།