མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བར་སྐུལ་འདེད་གཏང་བའི་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཝང་ལི་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཧྲིན་ཀྲང་གཞོན་པ་ཧོ་ལུའུ་ཁྲུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད།
ཝང་ལིས་མེན་གྱིས་འཐུས་མིའི་གྲོས་གཞི་ཡག་པོ་སྒྲུབ་པ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་དང་། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་ལག་ལེན་ཡིན་པར་མ་ཟད། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་ཡིན། སྒྲུབ་འགན་འཁུར་མཁན་ལས་ཁུངས་ཀྱིས་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། བརྗེ་རེས་དང་འབྲེལ་གཏུག་དམ་ཟབ་བྱེད་པ། མཐུན་སྦྱོར་མཉམ་འགུལ་མཐའ་འཁྱོངས། རིགས་དབྱེའི་གནད་འཁེལ་གྱིས་ལན་རྒྱག་པ། རྗེས་སྙེག་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་འགག་རྩའི་གོ་རིམ་དམ་འཛིན་བྱས་ཏེ། “དམངས་ཀྱིས་དོགས་པར་དུས་ཐོག་ཏུ་སེལ་དགོས་པའི”ལག་ལེན་དངོས་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་མི་དམངས་ཀྱི་བྱ་བ་ཡག་པོ་བསྒྲུབ་དགོས་པའི་གྲོས་གཞི་བཏོན།
ཧོ་ལུའུ་ཁྲུན་གྱིས་ཞིང་ཆེན་སྲིད་གཞུང་གི་ལས་ཁུངས་སོ་སོས་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བ་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་དང་འགན་འཁྲིར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་བ་དང་། བརྗེ་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན། གྲོས་གཞི་གཙོ་བོར་དམ་འཛིན། གྲུབ་འབྲས་གཞན་སྒྱུར་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཐུས་མིའི་གྲོས་གཞི་ཚང་མ་ཡག་པོ་བསྒྲུབ་པ་དང་། སྤུས་ཚད་མཐོ་བའི་ངང་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས།
ཚོགས་འདུའི་ཐོག་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་འཐུས་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་དང་། ཐེངས་གཉིས་པའི་རིང་གི་འཐུས་མིའི་གྲོས་གཞིའི་ལས་དོན་གྱི་གནས་ཚུལ་སྐོར་ཡོངས་སྒྲོག་བྱས་པ་དང་། འཐུས་མི་ཁག་ཅིག་གིས་སྒྲུབ་འགན་འཁུར་མཁན་ལས་ཁུངས་ཀྱིས་བརྗེ་རེས་གཏམ་བཤད་དགོས་པའི་གྲོས་འགོ་བཏོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འཐུས་མིས་སྒྲུབ་འགན་འཁུར་མཁན་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་དང་། གྲོས་གཞི་འདོན་མཁན་ཞིང་ཆེན་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་ཅིག་ཚོགས་འདུར་ཞུགས་དགོས་པའི་གྲོས་གཞི་བཏོན།
རྩོམ་སྒྲིག་པ། ཁོན་ཐར་འཚོ།