མཚོ་སྔོན་གྱིས2025ལོའི་སྔོན་རྩིས་བཟོ་འགོད་རྣམ་གྲངས་ཇུས་འགོད་བྱ་བ་ལེགས་པོར་བསྒྲུབ་དགོས།  

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    རྣམ་གྲངས་འཆར་འགོད་བྱ་བ་ནི་རྨང་གཞི་མེད་པའི་སྔོན་རྩིས་ལག་བསྟར་བྱེད་པའི་འགག་རྩའི་བརྒྱུད་རིམ་ཤིག་ཡིན་ལ། སྔོན་རྩིས་བཟོ་འགོད་དང་དོ་དམ་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་གལ་ཆེན་ཞིག་ཀྱང་ཡིན།     གསར་འགོད་པས་ཉེ་ཆར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན།     མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ལས་ཁུངས་ཀྱིས་རྨང་གཞི་མེད་པའི་སྔོན་རྩིས་དོ་དམ་ལག་བསྟར་བྱེད་པའི་ལོ་གསུམ་གྱི་བྱ་བའི་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱ་ཆེད།    ཞིང་ཆེན་ནོར་སྲིད་ཐིང་གིས་སྔ་མོ་ནས་འཆར་འགོད་དང་།    མགྱོགས་མྱུར་ལག་བསྟར།    ཚད་ལྡན་དོ་དམ་བཅས་བྱས་ནས2025ལོའི་སྔོན་རྩིས་བཟོ་འགོད་རྣམ་གྲངས་ཀྱི་འཆར་འགོད་བྱ་བ་ལེགས་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན།     

ཞིང་ཆེན་ནོར་སྲིད་ཐིང་གིས་སྔོན་རྩིས་བཟོ་འགོད་རྣམ་གྲངས་འཆར་འགོད་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། 

ཞིང་ཆེན་རིམ་པའི་ལས་ཁུངས་ཀྱི་རྣམ་གྲངས་སྙན་ཞུའི་བརྡ་ཐོ་སྔ་མོ་ནས་ཁྱབ་བསྒྲགས་ཐོག་སྣེ་ཁྲིད་སམ་ཕྱོགས་སྟོན་དུ་བཟུང་སྟེ། རྣམ་གྲངས་ཡིག་ཐོག་སྙན་ཞུའི་མཛུབ་སྟོན་ལ་ཤུགས་བསྣན་པ་དང་། རྒྱུན་གཏན་རང་བཞིན་གྱི་གཏོང་སྒོའི་རྣམ་གྲངས་དང་། འཁོར་སྐྱོད་རིགས་ཀྱི་རྣམ་གྲངས་གཞན་དག གཙོ་གནད་རྣམ་གྲངས་དང་དེ་བཞིན་རྒྱུན་མཐུད་རང་བཞིན་གྱི་རྣམ་གྲངས་བཅས་ལ་དམིགས་ཏེ། རྩིས་བཤེར་དང་ནོར་རྩིས་ལྟ་སྐུལ་སོགས་རྒྱུས་ལོན་བྱུང་བའི་འགྱངས་ཆད་རིགས་ཀྱི་གནད་དོན་དང་འབྲེལ་ནས་ལོ་འཁོར་གྱི་བྱ་བ་གཙོ་བོའི་བྱེད་སྒོ་དང་བྱེ་བྲག་གི་གཏོང་སྒོའི་དོན་ཚན་ཁྱོན་ཡོངས་ནས་ལེགས་སྒྲིག་འདེམ་སྒྲུག་བརྒྱུད། ཞིང་ཆེན་རིམ་པའི་ལས་ཁུངས་ཀྱི་རྣམ་གྲངས་སྔོན་རྩིས་ཞིབ་ཐོ་བཟོ་དགོས་པ་དང་།  དེར་བཀོད་པའི་རྣམ་གྲངས་དེ་རྩ་དོན་ཐོག་ཉུང་མཐར་ཡང་ཞིང་ཆེན་རིམ་པའི་ལས་ཁུངས་ཀྱི་ལོ་དེའི་རྣམ་གྲངས་ཀྱི་སྤྱིའི་དགོས་མཁོའི60%ཟིན་དགོས། 

རྣམ་གྲངས་འཆར་འགོད་བྱ་བ་ལག་བསྟར་དང་ཕན་འབྲས་ཐོན་བར་སྐུལ་འདེད་གཏང་ཆེད།    ཞིང་ཆེན་རིམ་པའི་ལས་ཁུངས་ཀྱིས་ཟླ7པའི་ཚེས31ཉིན་གྱི་གོང་དུ་གོ་རིམ་ལྟར་རྣམ་གྲངས་ཀྱི་ཞིབ་ཐོ་ཞིང་ཆེན་ནོར་སྲིད་ཐིང་གི་ཁ་གཏད་མ་དངུལ་དོ་དམ་ཁྲུའུ་དང་དོ་དམ་ཁང་ལ་སྐྱེལ་དགོས་པར་སྐུལ་འདེད་བཏང་།     ཟླ8པའི་ཚེས30ཉིན་གྱི་གོང་དུ་ཞིང་ཆེན་ནོར་སྲིད་ཐིང་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་དུས་ཐོག་ཏུ་རྣམ་གྲངས་ལག་བསྟར་ལས་ཁུངས་དང་ས་ཁུལ་ལ་རྣམ་གྲངས་འཆར་གཞིའི་སྔོན་གྲབས་བརྡ་ཐོ་གཏོང་བ་དང་རྣམ་གྲངས་ཀྱི་ཞིབ་ཐོ་གསལ་པོ་འགོད་པ།    འབྲེལ་ཡོད་བླང་བྱ་འདོན་པ་བཅས་བྱེད་དགོས།     ཞིང་ཆེན་ནོར་སྲིད་ཐིང་གིས་ཀྲུང་དབྱང་དང་ཞིང་ཆེན་གྱི་སྲིད་ཇུས་རྒྱབ་སྐྱོར་ཁ་ཕྱོགས་དང་མཐུན་མིན་དང་།    ཏང་ཨུ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་བྱ་བ་གཙོ་བོའི་ཁྱབ་ཁོངས་དང་མཐུན་མིན།    ཆེད་དོན་མ་དངུལ་གྱིས་གཏན་འཁེལ་བྱས་པའི་ཕན་འབྲས་དམིགས་ཚད་དང་མཐུན་མིན་སོགས་ཀྱི་ཐད་ནས་ཞིབ་དཔྱད་རགས་ཙམ་བྱས་ཏེ་ལོ་དེའི་ནོར་ཤུགས་གཞི་ཁྱོན་དང་ཟུང་འབྲེལ་བྱས་ནས་བསམ་འཆར་འདོན་དགོས།

ཞིང་ཆེན་རིམ་པའི་ལས་ཁུངས་ཀྱིས་རྣམ་གྲངས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་།    རྣམ་གྲངས་ཀྱི་མིང་ཚད་ལྡན་དུ་གཏོང་བ།    དུས་ལས་ཡོལ་བའི་རྣམ་གྲངས་གཙང་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་ཆེན་རིམ་པའི་ཆེད་དོན་མ་དངུལ་གྱི་གཅིག་གྱུར་འཆར་འགོད་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ་རྣམ་གྲངས་ཀྱི་དུས་བཀག་དང་།    རྣམ་གྲངས་ཀྱི་དངུལ་གྲངས།    མ་དངུལ་ཚོད་རྩིས།    ཕན་འབྲས་དམིགས་ཚད་སོགས་ལས་ཁུངས་ཀྱི་སྔོན་རྩིས་རྣམ་གྲངས་ཀྱི་སྙན་ཞུའི་ཆ་འཕྲིན་སྐོང་བའི་སྤུས་ཚད་ཇེ་མཐོར་གཏོང་དགོས་པ་གསལ་འབེབས་བྱས།     ཞིང་ཆེན་ནོར་སྲིད་ཐིང་གིས་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་རིགས་པས་ཁུངས་སྐྱེལ་དང་ཞིབ་ཕྲའི་ལག་བསྟར་འཆར་གཞི་བཟོ་བ་སོགས་དུས་འགོའི་ལས་དོན་ཁག་ཅིག་སྔོན་རྩིས་རྣམ་གྲངས་མཛོད་ནང་འཇུག་པའི་དགོས་ངེས་ཀྱི་ཆ་རྐྱེན་དུ་བརྩི་རྒྱུ་རེད།     དོན་དངོས་དང་ཞིབ་ཕྲའི་རྣམ་གྲངས་ཇུས་འགོད་སྔར་ལས་ལྷག་བྱས་ཏེ།    སྔོན་རྩིས་ཆོག་མཆན་ཐོབ་མ་ཐག་ལག་བསྟར་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།     

ཞིང་ཆེན་ནོར་སྲིད་ཐིང་གིས་ད་དུང་ཞིང་ཆེན་རིམ་པའི་ལས་ཁུངས་དང་མཉམ་དུ“སྔོན་ལ་དོན་གཉེར་བྱས་རྗེས་དངུལ་གཏོང་བ་དང་།    སྔོན་ལ་རྣམ་གྲངས་གཏན་འཁེལ་བྱས་རྗེས་སྔོན་རྩིས་གཏན་འཁེལ་བྱེད་པའི”སྔོན་རྩིས་བཟོ་འགོད་ཀྱི་བླང་བྱ་ལག་བསྟར་བྱས་ཏེ། རྣམ་གྲངས་འཆར་འགོད་བྱ་བ་དེ་སྔོན་རྩིས་བཟོ་འགོད་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་ཐབས་ཇུས་བཀོད་སྒྲིག་དང་ལས་རིགས་ཁྱབ་ཁོངས་ཀྱི་ལྟེ་བའི་བྱ་བར་དམིགས་ཏེ། རྣམ་གྲངས་གདམ་གསེས་ནན་པོ་བྱེད་པ་དང་རྣམ་གྲངས་ཀྱི་དུས་འགོའི་བྱ་བ་དངོས་སྒྲུབ་པ།    རྣམ་གྲངས་མཛོད་དུ་འཇུག་པ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱས་ཏེ་མ་དངུལ་བེད་སྤྱོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེར་གཏང་རྒྱུ།     

རྩོམ་སྒྲིག་པ། ཨ་གཡང་སྐྱིད།