ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་འགག་སྒོ་བར་གྱི་འཚམས་འདྲི་རེས་སྐོར33པ་ལྷ་ས་རུ་འཚོགས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ7པའི་ཚེས2ནས་ཚེས8ཉིན་བར་རེས་སྐོར33པའི་ཀྲུང་ནེ་མཐའ་མཚམས་འགག་སྒོ་བར་གྱི་འཚམས་འདྲི་བྱེད་སྒོ་ལྷ་ས་རུ་སྤེལ་བ་་དང་། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་གྲོས་གཞིར་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་མ་ཟད། དགེ་མཚན་ལྡན་པའི་ཐུན་མོང་གི་ངོས་འཛིན་ཡང་བྱུང་ཡོད། འདི་ནི་ལོ་ལྔ་འགོར་རྗེས་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་འགག་སྒོ་ལས་ཁུངས་བར་ཡང་བསྐྱར་ཕན་ཚུན་འཚམས་འདྲི་བྱེད་པའི་བྱེད་སྒོ་རེད།

རེས་སྐོར་འདིའི་ཕྱོགས་གཉིས་ཀྱི་འཐུས་མི་ཚོགས་པའི་དངོས་གཞིའི་གྲོས་མོལ་ཁྲོད། ཕྱོགས་གཉིས་ཀྱིས་འགག་སྒོའི་མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འགག་སྒོའི་ལྟ་སྐུལ་དོ་དམ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རིམས་ནད་དང་རིམས་ནད་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་སོགས་གྲོས་གཞི10ལ་དམིགས་ནས་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་རིམ་པའི་ཀྲུང་ནེ་འགག་སྒོའི་མཉམ་ལས་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ་དང་། ནེ་པ་ལའི་ཚ་ལུ་མ་དང་གཟན་རྩྭ། རྩི་ཤིང་མགོ་ཁུངས་ཀྱི་སྨན་རྒྱུ་བཅས་ཀྲུང་གོར་འདྲེན་རྒྱུར་སྐུལ་འདེད་གཏོང་བ། ནེ་པ་ལའི་ཟོག་འདྲེན་རླངས་འཁོར་གྱི་ཐོ་འགོད་དོ་དམ་ལམ་ལུགས་འཛུགས་པ། མཐའ་མཚམས་འགག་སྒོའི་སྲོག་ཆགས་དང་རྩི་ཤིང་རིམས་ནད་སྔོན་འགོག་ཚོད་འཛིན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་འགག་སྒོའི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ། རྒྱལ་མཚམས་ལས་བརྒལ་བའི་ཚོང་དོན་ལྟ་སྐུལ་དོ་དམ་མཉམ་ལས་ལ་སྐུལ་འདེད་གཏོང་བ། དུས་བཅད་ལྟར་མཐའ་མཚམས་འགག་སྒོའི་ཐུག་འཕྲད་འཚོག་རྒྱུ་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ་རེད།

ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་སྲིད་འཛིན་ཕན་ཚུན་འཚམས་འདྲི་བྱས་པའི་གྲུབ་འབྲས་དོན་འཁྱོལ་བྱས་ནས།“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཐུན་མོང་ཐོག་གཏིང་ཟབ་ཏུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དར་སྤེལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་།  མཉམ་གཅིག་ཏུ་ཀྲུང་ནེ་མཐའ་མཚམས་འགག་སྒོའི་མཉམ་ལས་ལ་ཤུགས་སྣོན་པ་དང་ལག་བསྟར་བྱེད་པའི་གྲུབ་འབྲས་སྔར་ལས་ཇེ་མང་དུ་འགྲོ་བར་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འགྲོ་འོང་ལ་སྔར་ལས་སྟབས་བདེ་དང་ཕན་ནུས་ཆེ་བ། བདེ་འཇགས་བཅས་ཀྱི་ཁོར་ཡུག་བསྐྲུན་ནས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དར་སྤེལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྟན།

འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། 2023ལོར་ཀྲུང་གོས་ནེ་པ་ལའི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་པས་སྒོར་དུང་ཕྱུར126.9ཟིན་པ་དང་དུས་མཉམ་ལས་15.6%འཕར། དེའི་ནང་བོད་ལྗོངས་ཀྱིས་ནེ་པ་ལའི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་པས་སྒོར་དུང་ཕྱུར་27.7ཟིན་པ་དང་། ཀྲུང་གོ་དང་ནེ་པ་ལའི་ཚོང་དོན་ཧྲིལ་པོའི21.8%ཟིན།   ། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།