ཞང་ཀང་གི་གཞོན་ནུ་ལོ་ཆུང་བརྒྱ་རབ་མཛེས་མཚོ་སྔོན་དུ་བསྐྱོད་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ7པའི་ཚེས་9ཉིན་མཚོ་སྔོན་དུ་རྫོགས་ལྡན་དུས་ཚིགས་སླེབས་པ་དང་བསྟུན། ཞང་ཀང་གི་གཞོན་ནུ་ལོ་ཆུང་བརྒྱ་མཐོ་སྒང་དུ་བསྐྱོད་དེ་རབ་མཛེས་མཚོ་སྔོན་གྱི་མཛེས་པར་རོལ་མྱོང་བྱེད་མགོ་ཚུགས།

ཉིན་དེར་གུང་གཞོན་ཚོགས་པའི་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས2024ལོའི“ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ཚོས་མེས་རྒྱལ་ལ་ལྟ་བ-ཞང་ཀང་གི་གཞོན་ནུ་ལོ་ཆུང་བརྒྱ་རབ་མཛེས་མཚོ་སྔོན་དུ་བསྐྱོད་པའི”བརྗེ་རེས་བྱེད་སྒོ་སྤེལ་མགོ་ཚུགས་པའི་མཛད་སྒོ་བསྡུས་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྙན་ངག་གྱེར་འདོན་དང་གླུ་གར་འཁྲབ་སྟོན་སོགས་རིག་རྩལ་བཀོད་སྒྲིག་བྱས་ནས། ལྷག་བསམ་རྣམ་དག་གིས་ཞང་ཀང་གི་གཞོན་ནུ་ལོ་ཆུང་མཚོ་སྔོན་གྱི་པང་དུ་ལོག་པ་དང་མཐོ་སྒང་གི་མཐོ་ཚད་དང་དྲོད་ཚད་ཉམས་སུ་མྱོང་བར་དགའ་བསུ་ཞུས། 

རྗེས་ཕྱོགས་ཀྱི་གཟའ་འཁོར་གཅིག་གི་ནང་། ཞང་ཀང་གི་གཞོན་ནུ་ལོ་ཆུང་ཚོ་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་དང་ཟི་ལིང་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་གླིང་ལ་ལྟ་སྐོར་བྱེད་རྒྱུ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་བསྐྱོད་དེ་རྨ་ཆུའི་འདམ་ར་དང་མཚོ་བོད་ཧྭ་སྦྲང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་བ། གུང་ཧོ་རྫོང་དུ་བསྐྱོད་དེ་ཆུ་འོད་གསབ་རེས་འོད་ཤུགས་གློག་ཁང་འཛུགས་སྐྲུན་གྱི་བརྒྱུད་རིམ་ལ་རྒྱུས་ལོན་བྱེད་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོངཁུལ་སོགས་སུ་བསྐྱོད་དེ། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་དང་གསར་བརྗེའི་ཡུལ་སྐོར། རིག་གནས་ཉམས་ལེན། མི་རིགས་མཐུན་སྒྲིལ་བཅས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། མཚོ་སྔོན་དང་ཞང་ཀང་གི་གཞོན་ནུ་ལོ་ཆུང་གི་བར་ཐག་ཇེ་ཉེ་རུ་བཏང་སྟེ། ཞང་ཀང་གི་གཞོན་ནུ་ལོ་ཆུང་ཚོས་མཚོ་སྔོན་ལ་ཤེས་རྟོགས་ཇེ་ཟབ་ཏུ་གཏོང་བ་དང་མེས་རྒྱལ་ལ་དགའ་ཞེན་ཆེ་རུ་གཏོང་བ་སོགས་ལ་སྐུལ་འདེད་བཏང་ཞིང་། མཉམ་གཅིག་ཏུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་རེད།

གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ལྷན་གྱིས་ཧྲུའུ་ཅི་གཞོན་པ་བསོད་ནམས་བདེ་སྐྱིད་ཀྱིས་ན་ནིང་གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་གྱི་གཞོན་ནུ་དང་ཞང་ཀང་གཞོན་ནུ་སྤེལ་རེས་ཡར་སྐུལ་ཚོགས་པ་བཅས་ཀྱིས་མཉམ་གཅིག་ཏུ“ཞང་ཀང་གཞོན་ནུ་བརྒྱ་རབ་མཛེས་མཚོ་སྔོན་དུ་བསྐྱོད་པའི”རྟོག་ཞིབ་བརྗེ་རེས་བྱེད་སྒོ་ཐོག་མ་རྒྱལ་ཁའི་ངང་སྒྲུབ་པ་དང་། ཞང་ཀང་གཞོན་ནུ་ལོ་ཆུང་གིས་ཡུལ་དངོས་སུ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན། ནུས་རྒྱུ་གཙང་མའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཉམས་ལེན་བྱས་པ་བརྒྱུད། མེས་རྒྱལ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་གྲུབ་འབྲས། རབ་མཛེས་མཚོ་སྔོན་གྱི་སྣ་མང་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་གཅེས་ཀྱི་སྙིང་སྟོབས་དར་སྤེལ་བཏང་།

ད་ལོར། “ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ཚོས་མེས་རྒྱལ་ལ་ལྟ་བ་དང་ཞང་ཀང་གི་གཞོན་ནུ་བརྒྱ་རབ་མཛེས་མཚོ་སྔོན་དུ་བསྐྱོད་པའི”སྤེལ་རེས་བྱེད་སྒོ་སྔར་ལས་གཏིང་ཟབ་ཏུ་གཏོང་བ་ལས་གཞན། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་ཕུལ་བྱུང་གཞོན་ནུ་རྩ་འཛུགས་བྱས་ནས་ཞང་ཀང་དང་ཨའོ་མོན་ས་ཁུལ་དུ་བསྐྱོད་དེ“མཚོ་སྔོན་གྱི་གཞོན་ནུའི་བརྗེ་རེས་འཆར་གཞི”ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། རྒྱུན་ཆད་མེད་པར་ཞང་ཀང་དང་ཨའོ་མོན་ས་ཁུལ་གྱི་གཞོན་ནུ་བར་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་རེེད། །  

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།