ཡུལ་ཤུལ་གྱིས་བྱིས་པའི་སེམས་ཁམས་ལ་སྲུང་སྐྱོང་བྱས་ནས“ལྷན་སྐྱེས་ཀྱི་སྙིང་ནད་ཡོད་པའི་བྱིས་པར་རིན་མེད་ངང་བརྟག་དཔྱད་དང་རོགས་སྐྱོབ་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ7པའི་ཚེས9ཉིན“ཡུལ་ཤུལ་གྱི་ན་གཞོན་ལ་པེ་ཅིན་ནས་རོགས་སྐྱོབ་བྱེད་པ”ཞེས་པའི2024ལོའི་མཚོ་སྔོན་ཡུལ་ཤུལ་གྱི་བྱིས་པའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ལ་རིན་མེད་ངང་བརྟག་དཔྱད་དང་སྐྱོབ་བཅོས་བྱེད་པའི་བྱེད་སྒོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་སྤེལ། 

རྒྱུས་ལོན་བྱུང་བ་ལྟར་ན། “ཡུལ་ཤུལ་གྱི་ན་གཞོན་ལ་པེ་ཅིན་ནས་རོགས་སྐྱོབ་བྱེད་པ”ཞེས་པའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ལ་རིན་མེད་ངང་བརྟག་དཔྱད་བྱེད་པའི་བྱེད་སྒོ་དེ་བསྟུད་མར་ལོ5རིང་སྤེལ་བས། པེ་ཅིན་དང་ཡུས་ཧྲུའུ་ས་གནས་གཉིས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། ས་གནས་གཉིས་ཀྱིས“ཡུལ་ཤུལ་ལ་མཁོ་བ་དང་པེ་ཅིན་གྱི་ནུས་ཚོད”ཅེས་པའི་རོགས་སྐྱོར་རྩ་དོན་ལ་གཞིར་བཟུང་ནས་རྒྱུན་གཏན་གྱི་སྙིང་ཁམས་གཤགས་བཅོས་བྱེད་དགོས་པའི་ཡུལ་ཤུལ་བྱིས་པ་རྣམས་པེ་ཅིང་གཞོན་ནུ་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་མཐུན་སྦྱོར་ཧུར་ཐག་བྱས་པ་དང་། ཡུས་ཧྲུའུ་ཁུལ་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། སྨན་བཅོས་འགན་སྲུང་སོགས་འགན་ནུས་སྡེ་ཁག་སོ་སོས་རྩ་འཛུགས་ཞིབ་མོ་བྱས་པ། རྒྱལ་སའི་སྤྱི་ཚོགས་སྟོབས་ཤུགས་ཀྱིས་བརྩེ་སེམས་ཕུལ་བ། རྒྱལ་སའི་སྨན་བཅོས་སྒྲིག་གཞིས་མཐུན་སྦྱོར་བྱས་པ་བརྒྱུད་ཡུས་ཧྲུའུ་ཡི་བྱིས་པ་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་པེ་ཅིན་ནས་གཤགས་བཅོས་བྱས་ཆོག་ལ། བྱིས་པར་བརྟག་དཔྱད་བྱས་ནས་ནད་གཞི་གཏན་འཁེལ་བྱེད་པ་དང་། པེ་ཅིན་དུ་བསྐྱོད་པ། གཤགས་བཅོས་བྱེད་པ། དྲག་སྐྱེད་བྱུང་ནས་ཡུས་ཧྲུའུ་རུ་ཕྱིར་ཡོང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་འགྲོ་གྲོན་མེད་པའི”སྐྱོབ་བཅོས་མ་ལག་བཙུགས་པས་ཡུན་ཕན་ལམ་སྲོལ་རྒྱུན་གཏན་ཅན་ངེས་པ་དོན་གྱིས་མངོན་འགྱུར་བྱུང་།

བྱེད་སྒོ་དེས་ཡུལ་ཤུལ་འཕྲོད་བསྟེན་བདེ་ཐང་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་། པེ་ཅིན་དང་ཡུས་ཧྲུའུ་གཉིས་ཀྱིས་བློ་སེམས་གཅིག་སྒྲིལ་དང་ལག་གདང་མཉམ་སྦྲེལ་གྱིས་རོགས་སྐྱོབ་བྱེད་པའི་དཔེ་མཚོན་གྱོད་དཔེ་ཞིག་ཏུ་གྱུར་ཡོད། 2020ལོ་ནས2023ལོའི་བར་ཡུལ་ཤུལ་གྱི་གྲོང་ཁྱེར1དང་རྫོང5རུ་དྲ་འཐེན་རང་བཞིན་གྱི་རྣམ་པའི་སྒོ་ནས་བརྟག་དཔྱད་རེས་སྐོར་གཉིས་བྱས་པ་དེར་མི3000ལྷག་ཞུགས་ཤིང་། སྔ་གཞུག་ཏུ་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་པའི་བྱིས་པ141པེ་ཅིན་དུ་ཁྲིད་ནས་རིན་མེད་ངང་གཤགས་བཅོས་དང་སྨན་བཅོས་བྱས་པས་བྱིས་པའི་ཁྱིམ་ཚང་གི་འགྲོ་སོང་སྒོར་ཁྲི700ལྷག་གྲོན་ཆུང་བྱས།  མིག་སྔར་ཡུལ་ཤུལ་གྱི་གྲོང་ཁྱེར1དང་རྫོང5ཡི་སློབ་ལོ་རན་པའི་བྱིས་པ་ཚང་མར2024ལོའི་ནད་གཞི་དོགས་ཡོད་བྱིས་པ་དག་ལ་བརྟག་དཔྱད་བྱེད་པའི་བྱེད་སྒོ་ཡུས་ཧྲུའུ་ཡི་རིམ་པ་སོ་སོའི་ཕྱོགས་བསྡུས་སྨན་ཁང་གིས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།