ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་དུས་ཚོད་ཟླ་7པའི་ཚེས་3ཉིན་གྱི་སྔ་དྲོ་ཨ་སི་ཐ་ནའི་ཙུང་ཐུང་ལས་ཤག་ཏུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ་དང་མཇལ་མོལ་གནང་ཡོད། 

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཙུང་ཐུང་ལས་ཤག་ཏུ་ཕེབས་འབྱོར་ཟིན་སྐབས་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད།   ཧ་སག་སི་ཐན་གྱི་མཁའ་དམག་གི་དམག་འཐབ་གནམ་གྲུ་དྲུག་གིས་ཙུང་ཐུང་ལས་ཤག་གི་མཁའ་ཐོག་ཏུ་འཕུར་ནས་ཀྲུང་གོའི་རྒྱལ་དར་མཚོན་པའི་ཚོས་གཞི་དམར་སེར་གྱི་ཚོན་ཁྲའི་དུ་བ་གློད་དེ་གུས་ལུགས་མཐོ་ཤོས་ཐོག་ནས་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་ཡོད་པ་རེད།

ཐུའོ་ཁ་ཡེ་ཧྥུས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་སྤེལ་ཡོད།  ཙུང་ཐུང་ལས་ཤག་གི་ཚོམས་ཆེན་བརྗིད་ཉམས་ཆེ་བ་དང་།  གུས་ལུགས་དམག་མི་དཔའ་ཉམས་ཆེན་པོས་ལངས་ཡོད།  རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཁག་སོ་སོར་ཕ་རོལ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་རེ་རེ་བཞིན་དང་ཕྱག་བཏང་ནས་གུས་ལུགས་མཚོན་པར་བྱས་ཡོད། 

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཡོད།  ཞི་ཅིན་ཕིང་གིས་ཐུའོ་ཁ་ཡེ་ཧྥུའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད། 

དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་ཚར་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྱབ་ཁོངས་ཆུང་ངུའི་མཇལ་མོལ་གནང་ཡོད།  

ཞི་ཅིན་ཕིང་གིས།  ན་ནིང་། ང་རང་དང་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུས་ཞི་ཨན་དང་པེ་ཅིང་དུ་ཐུག་འཕྲད་ཐེངས་གཉིས་བྱས་ཏེ།  ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་བཀོད་སྒྲིག་གསར་པ་དང་འཆར་འགོད་གསར་པ་བྱས་པ་དང་།  ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི“རྫོགས་ལྡན་གྱི་ལོ་ངོ་སུམ་ཅུ”གོང་འཕེལ་མགྱོགས་པོ་འགྲོ་བར་ཁྲིད་སྟོན་བྱས་ཡོད།  ཀྲུང་གོའི་ཕྱོགས་ནས་སྔ་བར་ཕྱི་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་གཞིགས་ཏེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད་པ་དང་།  ཧ་སག་སི་ཐན་དེ་ཀྲུང་གོའི་ཉེ་འཁོར་ཕྱི་འབྲེལ་གྱི་སྔོན་ལ་བསམ་གཞིགས་བྱེད་ས་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་རོགས་པ་གལ་ཆེན་ལ་བརྩི་གི་ཡོད།  ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་གོང་འཕེལ་ཡག་པོ་གཏོང་བའི་འདོད་མོས་དང་ཆོད་སེམས་ལ་འགྱུར་བ་མེད་པ་དང་།  སྐབས་ཤིག་དང་དོན་ཞིག་གམ་ཡང་ན་རྒྱལ་སྤྱིར་འགྱུར་ལྡོག་དབང་གིས་འགྱུར་བ་འགྲོ་མི་སྲིད།  ཀྲུང་གོ་ནི་ནམ་ཡང་ཧ་སག་སི་ཐན་ཕྱོགས་ཀྱིས་ཡིད་ཆེས་བྱེད་ཆོག་པ་དང་ཡིད་རྟོན་རུང་བའི་ཁྱིམ་མཚེས་བཟང་པོ་དང་རོགས་ཟླ་ཡག་པོ་ཡིན།  ཀྲུང་གོའི་ཕྱོགས་ནས་ཧ་སག་སི་ཐན་ཕྱོགས་དང་རང་བྱུང་སོལ་རླངས་སོགས་སྲོལ་རྒྱུན་གྱི་ནུས་རྒྱུའི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།  འོད་ཧྥུ་དང་རླུང་གློག་སོགས་ནུས་རྒྱུ་གསར་པའི་མཉམ་ལས་རྒྱ་སྐྱེད་གཏོང་བ།  ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧ་སག་སི་ཐན་ཏུ་མ་འཇོག་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ།  ཧ་སག་སི་ཐན་ཕྱོགས་ཀྱི་ཐོན་ཁུངས་བཟང་ཆ་དེ་གོང་འཕེལ་གྱི་ནུས་པར་བསྒྱུར་རོགས་བྱས་ཏེ།  སྦགས་མེད་དང་།  ཐཱན་ཉུང་།  རྒྱུན་མཐུད་གོང་འཕེལ་བཅས་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།

ཐུའོ་ཁ་ཡེ་ཧྥུས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེས་ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་འགྲོ་བར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།  ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་གྲོགས་ཁྱིམ་མཚེས་དང་།  གྲོགས་པོ་ཡག་པོ།  འཐབ་ཇུས་རོགས་པ་གལ་ཆེན་བཅས་ཡིན།  ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་ནི་སྲ་ཞིང་བརྟན་པའི་ཁྱིམ་མཚེས་མཛའ་མཐུན་དང་འགྱུར་བ་མེད་པའི་ཕན་ཚུན་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས།  སྔར་ན་མེད་པའི་གོང་འཕེལ་འགྲོ་ཚུལ་བཟང་པོ་མངོན་ཡོད།  ཉོ་ཚོང་དང་།  ནུས་ཁུངས།  ཞིང་ལས།  གཏེར་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་།  རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཞིང་།  རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ཡིན་ཞེས་བརྗོད་ཆོག  ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོར་ཕྱོགས་གང་ས་ཅི་ཐད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག ཀྲུང་གོར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་ངེས་རེད།  ཧ་སག་སི་ཐན་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ། ནུས་ཁུངས་དང་།  གཏེར་ལས།  ནུས་རྒྱུ་གསར་པ།  མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་སྔར་ལས་ལྷག་པ་བྱས་ཏེ།  རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་དེ་མཐོ་ཚད་གསར་པ་ཞིག་ལ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོས་ཧ་སག་སི་ཐན་གྱི་བདག་དབང་དང་།  རང་བཙན།  མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཧ་སག་སི་ཐན་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ།  “སྟོབས་ཤུགས་ངན་པ་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ཏེ།  རྒྱལ་ཁབ་གཉིས་པོའི་ཐུན་མོང་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

དེ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྱབ་ཁོངས་ཆེ་བའི་མཇལ་མོལ་གནང་ཡོད། 

ཞི་ཅིན་ཕིང་གིས།  ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་དེ་ལོ་ངོ་སྟོང་གི་གནའ་བོའི་དར་གོས་ལམ་བུར་གཞི་ཚུགས་པ་མ་ཟད།  ཕྱི་འབྲེལ་བཙུགས་ནས་ལོ་32འཁོར་བའི་མཉམ་ལས་བརྒྱུད་མྱོང་བས། དུས་གཏན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་པའི་ཆུ་ཚད་མཐོ་པོར་སླེབས་ཡོད་པ་དང་།  མི་རབས་ནས་མི་རབས་བར་མཛའ་གྲོགས་དང་།  ཕན་ཚུན་ཡིད་ཆེས་ཆེན་པོ།  སྐྱིད་སྡུག་མཉམ་མྱོང་བཅས་ནི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་བརྗོད་དོན་གཙོ་བོར་གྱུར་ཡོད།  རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་ལ་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་ཕྱིན་མེད་པ་དང་།  ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སེམས་ཤུགས་ལ་འགྱུར་བ་ཕྱིན་མེད་པ། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་འགྱུར་བ་ཕྱིན་མེད་པ།  རང་སོ་སོའི་རྒྱལ་ཁབ་ཀྱི་གོང་འཕེལ་དམིགས་ཚད་མངོན་འགྱུར་ཡོང་བའི་སེམས་ཤུགས་ལ་འགྱུར་བ་ཕྱིན་མེད་ཅེས་བསྟན་ཡོད།  

ཞི་ཅིན་ཕིང་གིས།  ཀྲུང་གོའི་ཕྱོགས་ནས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ཏེ། ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་གོང་འཕེལ་བརྟན་ལྷིང་ལ་དྲང་ནུས་དེ་བས་མང་བ་བསྣན་རྒྱུ་ཡིན་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀ་རང་ངོས་དར་རྒྱས་གོང་འཕེལ་གྱི་འགག་རྩའི་དུས་མཚམས་སུ་གནས་པ་དང་། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྣམ་གྲངས་དེ་བས་མང་བ་ལག་ལེན་བསྟར་བ། རང་སོའི་རྒྱལ་ཁབ་ཀྱི་གོང་འཕེལ་ལ་རམ་འདེགས་བཅས་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕྱོགས་གཉིས་ཉོ་ཚོང་དངུལ་འབོར་སྔ་ཙམ་ལྡབ་འཕར་ཐུབ་པའི་དམིགས་ཚད་གསར་པ་བཟོ་བ། ཧ་སག་སི་ཐན་གྱི་སྤུས་ལེགས་ཚོང་ཟོག་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། གློག་རྡུལ་ཚོང་དོན་དང་གྲངས་འཛིན་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་པ་བཅས་བྱ་དགོས། ཕྱོགས་གཉིས་པོས་ཐོན་ནུས་མ་འཇོག་མཉམ་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱེད་པ། གློག་སྒུལ་རླངས་འཁོར་དང་། ནུས་རྒྱུ་གསར་པ། མངའ་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་ཁང་། སྲུང་སྐར་འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་ལྷན་དུ་ལི་ཧའེ་མཚོ་མོ་སྒྲོལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་ལམ་ཐིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཐོག་སྣ་མང་ལངས་གཟུགས་ཀྱི་འབྲེལ་མཐུད་རྣམ་པ་འཛུགས་འདོད་ཡོད། ཀྲུང་གོས་དུས་སང་ཧ་སག་སི་ཐན་དུ“ཀྲུང་གོའི་ཡུལ་སྐོར་ལོ”གཉེར་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཧ་སག་སི་ཐན་དུ་ལུའུ་པན་བཟོ་ཁང་གཉིས་པ་འཛུགས་རྒྱུའི་ཐག་བཅད་ཡོད།  ཁ་སང་གནམ་ཐང་དུ་ཧ་སག་སི་ཐན་གྱི་གཞོན་ནུ་ཚོས་རྒྱ་སྐད་བྱང་ཆུབ་པོའི་ཐོག་ནས་《མེས་རྒྱལ་ལ་གླུ་དབྱངས་ལེན》ཞེས་པ་བླངས་པ་ང་རང་གིས་ཐོས་བྱུང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་། གཞོན་ནུ་ནི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཛིན་བྱེད་མཁན་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་རིག་གནས་ལྟེ་གནས་དང་པེ་ཅིང་སྐད་ཡིག་སློབ་ཆེན་ཧ་སག་སི་ཐན་ཡན་ལག་སློབ་གྲྭའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་མི་རབས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་བརྩེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་མཉམ་ལས་ཀྱི་སྤྱི་ཚོགས་དམངས་འདོད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཧ་སག་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཧ་སག་སི་ཐན་ཕྱོགས་ཀྱིས་གཙོ་གཉེར་བྱས་པའི་ཨ་སི་ཐ་ནའི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཨ་སི་ཐ་ནའི་དབུ་ཚོགས་འཚོགས་རྗེས་ཀྲུང་གོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་སོགས་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་སྔར་བས་ཟབ་པའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་ནས་དུས་སང་སྐབས་གཉིས་པའི་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཧ་སག་སི་ཐན་སོགས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལམ་སྲོལ་ཇེ་ལེགས་སུ་བཏང་ནས། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱས་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། རྒྱལ་ཁབ་གཉིས་པོ་དང་དེ་བཞིན་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།

ཐུའོ་ཁ་ཡེ་ཧྥུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེའི་ཐོག་ནས། ཧ་སག་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་ཀས་ཧ་སག་སི་ཐན་དང་ཀྲུང་གོའི་དུས་གཏན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ལེགས་སུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འབྲེལ་རེ་བ་ཆེན་པོ་འཆང་བཞིན་ཡོད་པ་སླར་ཡང་ར་སྤྲོད་བྱུང་ཡོད། ཧ་སག་སི་ཐན་དང་ཀྲུང་གོའི་དབར་ལོ་ངོ་སྟོང་ལས་བརྒལ་བའི་མཛའ་གྲོགས་བརྟན་པོ་ཡོད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་ཐུགས་ཁུར་དང་སྣེ་ཁྲིད་གནང་བའི་འོག ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ“རྫོགས་ལྡན་དུས་རབས”གསར་པར་སླེབས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་རྣམ་གྲངས་གལ་ཆེན་ཁག་གི་འཕེལ་རིམ་བདེ་བླག་བྱུང་བ་དང་། ཞིང་ལས་དང་། སྦགས་མེད་ནུས་རྒྱུ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད། ཧ་སག་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། ཀྲུང་གོའི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཞིག་རེད། ཀྲུང་གོ་དང་མཛའ་གྲོགས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཧ་སག་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་སྒྲུབ་པའི་འཐབ་ཇུས་ཀྱི་སྔོན་འགྲོར་བརྩི་གི་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རྒྱུན་འཁྱོངས་བྱེད་པའི་ཞི་བདེའི་ཕྱི་འབྲེལ་འདུ་ཤེས་དང་དེ་བཞིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འཛམ་གླིང་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོའི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཧ་སག་སི་ཐན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཧ་སག་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས། “རྒྱུད་གཅིག་ལམ་གཅིག”མུ་མཐུད་སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱས་ཏེ་ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་ལྡབ་འཕར་གྱི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བ་དང་། ཞིང་ལས་དང་། དཔལ་འབྱོར་ཉོ་ཚོང་། ནུས་རྒྱུ་གསར་པ། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན། གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ལི་ཧའེ་མཚོ་མོ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་ལམ་ཐིག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཧ་སག་སི་ཐན་དང་ཀྲུང་གོའི་རིག་གནས་ལྟེ་གནས་དང་ལུའུ་པན་བཟོ་ཁང་འཛུགས་པ་དང་། དུས་སང་“ཀྲུང་གོའི་ཡུལ་སྐོར་ལོ”ཧུར་ཐག་གཉེར་ཏེ། རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་དང་སློབ་གསོ་དང་རིག་གནས་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུར་ཧ་སག་སི་ཐན་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་སྒྲིག་གཞི་འཛུགས་སྐྱོང་ནང་མུ་མཐུད་ཧུར་ཐག་ཞུགས་ཏེ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

གྲོས་མོལ་གནང་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མིང་རྟགས་བཀོད་གནང་བ་མ་ཟད། ཐུན་མོང་ཐོག་དཔལ་འབྱོར་ཉོ་ཚོང་དང་། མཉམ་སྦྲེལ་མཉམ་མཐུད། མཁའ་འགྲུལ་མཁའ་སྐྱོད། སློབ་གསོ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་བཅུ་ཕྲག་བརྗེ་རེས་བྱས་པར་བདེན་དཔང་གནང་ཡོད།  དེ་ཉིན་ཉིན་གུང་། ཞི་ཅིན་ཕིང་ནས་ཙུང་ཐུང་ཐུའོ་ཁེ་ཡེ་ཧྥུས་གཉེར་བའི་དགའ་བསུ་ཞུ་བའི་གསོལ་སྟོན་ཆེན་མོར་ཞུགས་གནང་བ་རེད། 

 

རྩོམ་སྒྲིག་པ། ཁོན་ཐར་འཚོ།