2024ལོའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་བུམ་པ་རྟགས་མ”ཞེས་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་ཉེར་གསུམ་པའི་སྤྱི་ཁྱབ་མིང་རྟགས་ཀྱི་ཐོ་འགོད་མཛད་སྒོ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ7ཚེས2ཉིན། 2024ལོའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་བུམ་པ་རྟགས་མའི”མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་ཉེར་གསུམ་པའི་རོགས་སྒྲུབ་ཁེ་ལས་ཏེ་སྤྱི་ཁྱབ་མིང་རྟགས་ཀྱི་མིང་ཐོ་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས།  མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྒྲིག་འཛུགས་ཨུ་ལྷན་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། ཀྲུང་གོའི་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་མགོ་ཁྲིད་བཅས་མིང་ཐོ་འགོད་པའི་མཛད་སྒོར་ཞུགས།

མཛད་སྒོའི་སྟེང་དུ་རེབ་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་དྲིལ་སྒྲོག་བརྙན་ཐུང་བསྟན་པ་དང་། སྒྲིག་འཛུགས་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་ཀུན་ལ་འགྲན་ཞུགས་རུ་ཁག་དང་། འགྲན་སྡུར་གྱི་ལམ་ཐིག་བཅས་ངོ་སྤྲོད་གནང་བ་མ་ཟད། རེབ་འདིའི་འགྲན་སྡུར་དཔུང་ཁག་གི་ལྭ་བ་ངོམ།   2024ལོའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་བུམ་པ་རྟགས་མའི”མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་ཉེར་གསུམ་པ་དེ་ཟླ7ཚེས་པའི་ཚེས7ཉིན་ལ་ཟི་ལིང་དུ་སྤེལ་རྒྱུ་ཡིན་ཞིང་། རེབ་འདིའི་འགྲན་སྡུར་དུ་འཛམ་གླིང་གི་རུ་ཁག2དང་།  ལས་རིགས་རུ་ཁག5།  གླིང་ཁུལ་རུ་ཁག15བཅས་གདན་ཞུས་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་གྲངས་འབོར་དང་སྤུས་ཀ་གཉིས་ནས་ལེགས་ལ་ཐོལ་བརྒལ་བྱས་ཡོད།  དེ་བཞིན་དུ་ད་ལོའི་ལམ་ཐིག་གི་བཀོད་སྒྲིག་ཕྱོགས་ནས་ཀྱང་འགྲན་རྩོད་རང་བཞིན་དང་གཟིགས་མོ་རང་བཞིན་ཆེར་ལྡན་པ་མ་ཟད།   “རི་ཆུའི་མགོ་ཁུངས།  རབ་མཛེས་མཚོ་སྔོན།”གྱི་ཐུན་མིན་མཛེས་སྡུག་འཛམ་གླིང་ཡོངས་ལ་ཅི་དགར་ངོམ་ཐུབ་པ་བྱས་ཡོད་ཟེར། 

མཛད་སྒོའི་སྟེང་དུ་ཀྲུང་གོའི་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྒྲིག་འཛུགས་ཨུ་ལྷན་གྱི་འབྲེལ་ཡོད་མགོ་ཁྲིད་ཡུལ་དངོས་སུ་ཕེབས་ནས་མིང་ཐོ་བཀོད་པར་མ་ཟད།  སྤྱི་ཁྱབ་མིང་རྟགས་ཀྱི་མཚན་བྱང་དང་ལེན་བྱས།

མཚོ་སྐོར་ལྕགས་རྟ་འགྲན་སྡུར་ནི་མཚན་སྙན་ཧ་ཅང་ཆེ་ལ་འབོད་སྐུལ་གྱི་ནུས་པ་ཆེ་ཆེར་ལྡན་པའི་ལུས་རྩལ་འགྲན་སྡུར་ཞིག་ཡིན། ད་ལྟའི་བར་དུ་ཀུན་གྱིས་དོ་སྣང་ཆེན་པོ་ཐོབ།  དེ་ནི་ལུས་རྩལ་པ་རྣམས་ཀྱིས་རྔུལ་ཁྲག་མང་པོ་བཏོན་ནས་ཕུགས་སེམས་སྙེག་ས་ཞིག་དང་ལུས་ཀྱི་རྩལ་ཤུགས་ངོམ་བྱེད་ཀྱི་སྟེགས་བུ་ཆེན་པོ་ཞིག་ཡིན་པས།  འབད་པ་ལྷོད་མེད་དང་། རང་སེམས་ལས་བརྒལ་ཐུབ་པའི་ལུས་རྩལ་གྱི་སྙིང་སྟོབས་བརྒྱུད་སྒྲོག་དང་།  མི་མང་པོའི་སྤྲོ་བ་དང་ངར་ཤུགས་གཅིག་ཏུ་བསྡུ་ཐུབ་པ་ཞིག་ཡིན་ལ།   དེའི་ཤུགས་རྐྱེན་ནི་ལུས་རྩལ་འགྲན་སྡུར་གྱི་ཁྱབ་ཁོངས་སམ་རིམ་པ་ཁོ་ན་མ་ཡིན་པར་ལུས་རྩལ་འགྲན་སྡུར་དང་། སྐྱེ་ཁམས་སྲུང་སྐྱོབ། ཞིང་གྲོང་དར་སྤེལ།  རིག་གནས་ཡུལ་སྐོར།  ཉོ་ཚོང་འཁོར་རྒྱུག་ལ་སོགས་ཕྱོགས་མང་པོར་སྐུལ་འདེད་གཏང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།