མཚོ་སྔོན་གྱི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཚུགས་པའི”རྩོམ་རིག་གསར་རྩོམ་དང་བརྗེ་སྤེལ་ཚོགས་འདུ་མགོ་བརྩམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས2ཉིན་ལ། རྒྱལ་ཁབ་དམངས་ཨུ་དང་།  ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་སློབ་སྟོན་དང་།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ།  མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ཚོགས་པ།  མཚོོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་མཚོ་སྔོན་ཞིང་ཆེན་གྱི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཚུགས་པའི”རྩོམ་རིག་གསར་རྩོམ་དང་བརྗེ་སྤེལ་ཚོགས་འདུ་ཟི་ལིང་དུ་མགོ་བརྩམས།  ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་མི་རིགས17གྱི་རྩོམ་པ་པོ་གྲགས་ཅན་དང་། རྩོམ་སྒྲིག་པ་གྲགས་ཅན།  དཔྱད་བརྗོད་པ་གྲགས་ཅན་དང་སྐུ་མགྲོན་ཕེབས་ཡོད་ཅིང་།   “རབ་མཛེས་མཚོ་སྔོན། དབྱར་གྲོང་ཟི་ལིང་།”གི་ཡུལ་འདིར་གདན་གཅིག་ཏུ་འཛོམས་ཏེ་མཉམ་དུ་མི་རིགས་མཐུན་སྒྲིལ་ལ་ལེའུ་གསར་པ་བརྩམས། 

 

       བྱེད་སྒོའི་དམིགས་ཡུལ་ནི་རྩོམ་རིག་གི་སྟོབས་ཤུགས་བརྒྱུད་དེ་དུས་རབས་གསར་པའི་མཚོ་སྔོན་འཛུགས་སྐྲུན་གྱི་འོད་སྟོང་འབར་བའི་གྲུབ་འབྲས་ལ་གུས་འདེད་དང་།  མི་རིགས་ཁག་བར་ལག་གདིང་སྦྲེལ་ནས་མདུན་དུ་སྐྱོད་ཅིང་། མཐུན་སྒྲིལ་འབད་འབུངས་བྱས་པའི་གཟི་བརྗིད་ལྡན་པའི་སྣང་བརྙན་ཅི་དགར་ངོམ་ཆེད་རེད།མཚོ་སྔོན་ནི་རྒྱལ་ཡོངས་མི་རིགས་གྲངས་ཉུང་ཁྲོད་མི་འབོར་ཅུང་མང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་ཞིག་ཡིན། དེར་མི་རིགས་མང་པོ་དང་རིག་གནས་སྣ་མང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ལེགས་པོ་ཆགས་ཡོད་པས།   ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་སུ་གྱུར།  མཚོ་སྔོན་གྱི་མི་རིགས་གྲངས་ཉུང་གི་མི་འབོར་བསྡུར་ཚད་ཀྱི49.47%ཟིན་ཡོད་པ་དང་།  མི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས་མུ་མཐུད་དུ་འབད་འབུངས་ལྷོད་མེད་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་རྣམ་པར་བཀྲ་བའི་ལྗོངས་རིས་ཡག་པོ་ཞིག་མཉམ་དུ་བཟོས་ཡོད།

མགོ་རྩོམ་མཛད་སྒོའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཨུ་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པའེ་ཀན་ཧྲེང་། སྐབས་བཅུ་གཅིག་པའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་དབྱང་ཀྲི་ཅུན།  སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་བསོད་ནམས་ཚེ་རིང་སོགས་རྩོམ་པ་པོ་དང་ཆེད་མཁས་པ་གསུམ་གྱིས“རྩོམ་རིག་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཚུགས་པ”ཞེས་པ་བརྗོད་གཞིར་བཟུང་སྟེ།  《རིག་གནས་རང་རློམ་ནས་རིག་གནས་རང་རྟོགས་བར》《སེམས་ཀྱི་མཁའ་དབྱིངས་སུ་སྒྲོན་པའི་འོད་ཐིག 》《གསར་རྩོམ་ལག་ལེན་ཁྲོད་ཀྱི་སྐྱེ་ཁམས་དང་མི་རིགས》ལ་སོགས་དམིགས་སུ་བཟུང་ནས་གཏམ་བཤད་པ་དང་།  རྩོམ་རིག་གསར་རྩོམ་དང་བརྗེ་སྤེལ་བྱེད་སྒོར་གསོན་ཉམས་ལྡན་པའི་བསམ་བློའི་རྨང་གཞི་བཏིངས།

ཐེངས་འདིའི་རྩོམ་རིག་གསར་རྩོམ་བརྗེ་སྤེལ་ཚོགས་འདུ་དེ་ནི་རྩོམ་རིག་གི་གསོལ་སྟོན་གྱ་ནོམ་པ་ཞིག་ཡིན་པར་མ་ཟད། སེམས་དང་སེམས་པ་འདྲེས་ས་ཞིག་ཀྱང་རེད།  བྱེད་སྒོའི་སྐབས་སུ་རྩོམ་པ་པོ་རྣམས་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་སུ་རྟོག་ཞིབ་ཏུ་བསྐྱོད་ཅིང་། རྩོམ་རིག་གསར་རྩོམ་གྱི་ཟབ་སྦྱོང་འཛིན་གྲྭ་ཡང་གཉེར་བ་དང་།  མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མཚོན་པའི་རྩོམ་རིག་བརྩམས་ཆོས་ཚོགས་ཤིག་གསར་རྩོམ་པར་བསྐྲུན་བྱས་ནས་མི་རིགས་ཁག་གི་རྩོམ་པ་པོ་རྣམས་ཀྱི་སྣེ་ཁྲིད་དེ་མི་རིགས་རང་གིས་བདེ་སྐྱིད་འཚོ་བ་འཚོལ་སྙེག་ཁྲོད་ནས་ཟད་མི་ཚར་བའི་རྩོམ་རིག་གསར་རྩོམ་གྱི་མྱོང་བ་རྒྱུད་ལ་འཇུག་པ་དང་། རྩོམ་རིག་ལག་ལེན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཚུགས་པར་སྟོབས་ཤུགས་འབུལ་བ། མི་རིགས་ཁག་གི་རྩོམ་པ་པོ་རྣམས་ཀྱིས་དུས་རབས་ལ་བསྟོད་གླུ་དང་མི་དམངས་ལ་དུང་བ་བརྗོད་པར་ཡར་སྐུལ་བཅས་བྱ་འཆར་ཡོད་དོ། །

རྩོམ་སྒྲིག་པ། ཁོན་ཐར་འཚོ།