མཚོ་སྔོན་གྱིས2024ལོའི་རྨ་འབྲི་རྫ་གསུམ་འགོ་ཁུངས་སུ་མིའི་རིགས་ཀྱི་སྔ་དུས་ཀྱི་གནའ་ཤུལ་རྟོག་ཞིབ་དང་ཕྱོགས་བསྡུས་ཚན་ཞིབ་དངོས་སུ་སྤེལ་མགོ་བརྩམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6ཚེས26ཉིན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། གཏེར་ལྔའི(五矿)རྒྱལ་སྤྱིའི་ཡིད་རྟོན་མངག་བཅོལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་དང་།  མཚོ་སྔོན་གླིང་སྣེ་རང་བྱུང་རྟོག་ཞིབ་ཞིབ་འཇུག་གླིང་དང་མཉམ་དུ2024ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་མིའི་རིགས་སྔ་དུས་ཀྱི་གནའ་ཤུལ་རྟོག་ཞིབ་དང་ཕྱོགས་བསྡུས་ཚན་ཞིབ་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས།  མགོ་རྩོམ་མཛད་སྒོའི་སྟེང་།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏེ་ཡིས་ཚན་རིག་རྟོག་ཞིབ་རུ་ཁག་ལ་དར་ཆ་སྒྲོན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་སྟག་འབུམ་ཐར་གྱིས་ཚན་རིག་རྟོག་ཞིབ་ཀྱི་ལས་མགོ་དངོས་སུ་རྩོམ་པ་ཁྱབ་སྒྲོག་བྱས།

ཐེངས་འདིའི་ཚན་རིག་རྟོག་ཞིབ་བྱེད་སྒོའི་རྟོབ་ཞིབ་པ་ཡོངས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་བསྐྱོད་དེ།  ཡུལ་དེའི་གདོད་མའི་དུས་ཀྱི་མིའི་རིགས་ཀྱི་འགུལ་སྐྱོད་དང་འཕེལ་འགྱུར་བརྒྱུད་རིམ་ལ་ཞིབ་འཇུག་དང་། མཐོ་སྒང་གི་ཡ་ང་བའི་ཁོར་ཡུག་ཁྲོད་མིའི་རིགས་ཇི་ལྟར་འཚོ་ཐུབ་པ་བྱུང་བའི་བརྒྱུད་རིམ་གསེད་དཀྲོད།  མིའི་རིགས་ཀྱི་དཔལ་ཡོན་དར་འཕེལ་དང་རང་བྱུང་གི་ས་གཤིས་འགྱུར་ལྡོག་བར་གྱི་འབྲེལ་བར་དབྱེ་ཞིབ་བཅས་བྱས་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ཆོས་ཉིད་རང་བཞིན་དང་། གལ་ཆེ་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱ་རྒྱུ་དང་། རིག་གནས་ཀྱི་རང་རློམ་ཇེ་དྲག་ཏུ་བཏང་སྟེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་ལ་ནུས་ཤུགས་ཅི་ཡོད་འདོན་རྒྱུ་རེད།  
    རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ལི་ཅུན་གྱིས་འདི་སྐད།  ཏང་གི་ཚོགས་ཆེན་ཉི་ཤུ་བས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དེ་ཀྲུང་གོ་དེང་རབས་ཅན་དུ་འགྱུར་བའི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ཞེས་བརྗོད་ཡོད་པ་མ་ཟད།   མི་དང་རང་བྱུང་ནི་ཚེ་སྲོག་ཐུན་མོང་གི་རྟེན་ཡིན་པས།   ཐོན་སྐྱེད་གོང་སྤེལ་དང་།  འཚོ་བ་འབྱོར་ཕྱུགས་ལྡན་པ། སྐྱེ་ཁམས་ལེགས་པ་བཅས་ཀྱི་དཔལ་ཡོན་དར་སྤེལ་གྱི་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་ཞེས་བསྟན་ཡོད།  ཐེངས་འདིའི་ཚན་རིག་རྟོག་ཞིབ་བྱེད་སྒོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྔ་དུས་ཀྱི་གནའ་ཤུལ་རྟོག་ཞིབ་བརྗོད་གཞིར་བཟུང་བ་དང་།  རྣམ་པ་གསར་ཞིང་དམིགས་འབེན་གསལ་བོ་ཡིན་པས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་གཙང་བཤེར་ལ་ཕན་ཆེ་ཞིང་། རྒྱལ་ཁབ་སྤྱི་གླིང་གི་གཟུགས་འདས་རིག་གནས་ཤུལ་བཞག་གི་གྲངས་ཀ་འཚོལ་སྡུད་ལ་སྐུལ་འདེད།  རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན། རིག་གནས་ཤུལ་བཞག་དང་དམངས་སྲོལ་སྲུང་སྐྱོབ་ཀྱི་སྒྲིག་ཆས་བཀོད་སྒྲིག་ལུགས་མཐུན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་རྒྱུད་འཛིན་ལ་ཡར་སྐུལ་བཅས་བྱ་ཐུབ་པ་མ་ཟད།   རྒྱལ་ཁབ་སྤྱི་གླིང་འདུ་ཤེས་བརྒྱུད་སྒྲོག་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་གོང་ནས་གོང་དུ་སྤེལ་པར་ཕན་ཆེ་ཞེས་བསྟན།

ཀྲུང་གོའི་རིག་དངོས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལུའུ་ཆུང་གིས་འདི་སྐད།  ཐེངས་འདིའི་ཚན་རིག་རྟོག་ཞིབ་ཀྱིས་རྨ་འབྲི་རྫ་གསུམ་ས་ཁུལ་གྱི་རིག་གནས་ཤུལ་ནོར་གྱི་ཐོན་ཁུངས་མཐིལ་རྟོགས་བྱས་ཏེ།  ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྣ་མང་གཞི་གཅིག་ཏུ་གྲུབ་ཚུལ་དང་མཉམ་འདྲེས་གོང་སྤེལ་ལ་རྒྱུས་ལོན་ཟབ་མོ་བྱ་བར་དོན་སྙིང་གལ་ཆེན་ལྡན།    ཕྱོགས་སོ་སོས་མཉམ་ལས་བརྗེ་སྤེལ་ལ་མུ་མཐུད་དུ་ཤུགས་བསྣན་ཏེ།  ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་ཁུར་དུ་བླངས་ཏེ།  རིག་གཞུང་རྩ་བ་དང་ཚན་རིག་ཞིབ་འཇུག་ལ་གཞི་བཅོལ་བའི་ཞིབ་འཇུག་བྱེད་སྟངས་རྒྱུན་འཁྱོངས་དགོས་པ་དང་།  རིག་དངོས་བྱ་གཞག་གི་ལྟེ་བའི་འོས་འགན་དམིགས་སུ་བཟུང་སྟེ།  ཏང་དང་རྒྱལ་ཁབ་ཀྱི་ལས་ཀ་སྤྱི་དང་རིག་དངོས་བྱ་གཞག་གོང་སྤེལ་གྱི་བློ་བཀོད་ཆེན་མོའི་ཁྲོད་ཕན་སླེབས་ཆེ་བའི་ནུས་པ་འདོན་དགོས་ཞེས་བསྟན་ནོ། ། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།