【དཔལ་འབྱོར་གནད་གླེང་། 】ནས་འབྲུ་གཅིག་གིས“འབྲེལ་ཐག་བསྐྱངས་པའི་འཕེལ་རྒྱས”ལམ་བུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

——“མཚོ་སྔོན་རྟགས་ཅན་གྱི་ཚོང་རྟགས་བཟོས་ནས་དར་རྒྱས་ལམ་དུ་འབད་པས་འདོང་།”མུ་འབྲེལ་གསར་འགྱུར་ཁག་དྲུག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ནས་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་ཉག་ཅིག་ཡིན། ལོ་དུ་མའི་རིང་ལ། ཞིང་ལས་ཐོན་ལས་དང་རྒྱུ་རྐྱེན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག  ཞིང་ཆེན་ཡོངས་ཀྱི་ནས་ཀྱི་ཐོན་ལས་མགྱོགས་པོར་གོང་དུ་སྤེལ་ནས་ཞིང་ལས་ཞིང་གྲོང་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་།
  གཞི་གྲངས་ལྟར་ན། 2023ལོར་ཞིང་ཆེན་ཡོངས་ཀྱི་ཞིང་ས་སྤྱི་ཆིང་ཁྲི9.267ལ་ནས་བཏབས་ཤིང་། དེ་ལས་སོན་བཟང་བཏབས་ཚད98%ལ་བསླེབས་པ་དང་། ལོའི་ཐོན་འབོར་ཏུན་ཁྲི23ཡན་ལ་བསླེབས།

ནས་ནི་མདོ་དབུས་མཐོ་སྒང་དུ་འཚོ་བའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་གཙོ་བོ་ཡིན་པར་མ་ཟད། ས་བབ་མཐོ་ས་དང་འཁྱགས་སའི་ས་ཁུལ་དུ་སྨིན་ཐུབ་པའི་འབྲུ་རིགས་ཉང་གྲས་ཤིག་ཀྱང་ཡིན།   ད་ལྟ་ནས་དེ་རྒྱལ་ཡོངས་ཀྱི་སོན་བཟང་གསོ་སྤེལ་གྱི་ཨང་རིམ་རབ་དང་རིམ་པའི་ནང་ཀུན་གྱི་མདུན་གྲས་ན་ཡོད། ཉེ་བའི་ལོ་རིང་ལ་མཚོ་སྔོན་གྱིས་ཞིང་ཕྱུགས་ལས་ཐོན་ཁུངས་ཀྱི་དགེ་མཚན་དར་སྤེལ་ལ་གཞི་ཚུགས་ཏེ།  ལྷད་མེད་དང་། བདེ་ཐང་། འཚོ་བཅུད།  གསར་སྤེལ་སྣ་མང་ཅན་གྱི་བསམ་ཕྱོགས་ཀྱི་ཁྲིད་སྟོན་འོག    བཟོ་སྣོན་སྤུས་ལེགས་དང་། སོན་བཟང་སྣ་ཚོགས།  ཟུར་སྣོན་རིན་ཐང་ཇེ་མཐོར་བཅས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ནས་བཟོ་སྣོན་བརྗེ་སྒྱུར་བྱས་ཚད་ཆེས་མཐོ་བའི་ཞིང་ཆེན་དུ་གྱུར་ཡོད།

ཚན་ཞིབ་ཀྱིས་སྣེ་ཁྲིད་དེ། འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་།

ཟླ5ཚེས7ཉིན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་བསྒྲགས་པའི་གནས་ཚུལ་ནི།  ད་ལོར་མཚོ་བྱང་ཁུལ་གྱིས་ཞིང་ས་སྤྱི་ཆིང་ཁྲི1.9ལ་ནས་བཏབས་ཤིང་། དེ་ལས་སྤྱི་ཆིང་ཁྲི1.7ལ་བཏབས་པའི་སོན་བཟང་ནས་ལ“ས་བོན་སྲུང་སྐྱོབ་ལག་རྩལ”སྤྱད་དེ། ནས་བཟང་90%ཡན་ལ“ལྭ་བ་དམར་པོ”སྤྲས་ནས་ཞིང་ལས་ཀྱི་ཐོན་འབོར་ཇེ་མང་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་རྨང་གཞི་བརྟན་པོ་བཏིངས། 

རྒྱུས་ལོན་པ་ལྟར་ན། 2021ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས“ཝེ་པའོ”ཡི་ས་བོན་སྲུང་ཐུམ་རྫས་ནང་འདྲེན་བྱས་ནས་ཞིང་སར་ཚོད་ལྟ་གཤིབ་བསྡུར་བྱས་པ་ན།   སྲུང་ཐུམ་རྫས་དེར་གནོད་འབུ་དང་འབུ་ཕྲ་གསོད་བྱེད་ཀྱི་ནུས་པ་ལྡན་པས་མྱུ་གུ་འབུས་པའི་གོ་རིམ་ཁྲོད་གནོད་སེལ་གྱི་ནུས་པ་འདོན་ཐུབ་པ་ར་སྤྲོད་བྱུང་ལ།  རྫས་ཀྱི་མང་ཉུང་དེ་ཞིང་ས་གང་རུང་དུ་གཏོར་བའི་སྨན་ལས་ཉུང་བ་སྤྱད་ཡོད།  སྲུང་ཐུམ་རྫས་སྤྱད་རྗེས་ནས་ཀྱི་གཞུང་རྟ་སྐྱེས་ཚད་ལི་སྨི10.1ཇེ་རིང་དུ་ཕྱིན་ཡོད་པ་དང་། སྙེ་མའི་རིང་ཚད་ལི་སྨི6.60དང་།   གཞུང་རྟའི་སྦོམ་ཚད་ལི་སྨི0.39ལ་བསླེབས་ཡོད་པས།  ཕྱོགས་དུ་མ་ནས་ཇེ་ལེགས་སུ་ཕྱིན་པ་མངོན་གསལ་རེད། 2022ལོར་མཚོ་བྱང་ཁུལ་རྨ་ཤུལ་དགོན་ཚོད་ལྟ་རྟེན་གཞིས་སྲུང་ཐུམ་ཐོན་སྐྱེད་བྱས་པའི་ཐོན་འབོར་དང་བསྡུར་ན་སྤྱི་རྒྱ40.79འཕར་ཡོད་པ་དང་། ཐོན་སྐྱེད་འཕར་ཚད25.5%ལ་བསླེབས་ནས་ནས་རྐྱང་གི་ཐོན་སྐྱེད་ཆུ་ཚད་ཇེ་མཐོར་སོང་བ་མངོན་གསལ་རེད།  

མཚོ་སྔོན་ནི་རྒྱལ་ཡོངས་སུ་ནས་ཞིབ་འཇུག་ཆེས་སྔ་བའི་ཞིང་ཆེན་དང་ལྗོངས་གྲས་ཀྱི་གཅིག་ཡིན། ནས་ཞིབ་འཇུག་གི་ཆུ་ཚད་རྒྱལ་ཡོངས་ཀྱི་གྲལ་མགོ་ན་ཡོད།  ད་སྔ་མཚོ་སྔོན་གྱིས་སོན་ལས“ཉིང་ལེབ”ལག་ཏུ་དམ་པོར་བཟུང་ཡོད། 

མཚོ་སྔོན་སློབ་ཆེན་ནས་ཞིབ་འཇུག་ཚོགས་པའི་འགན་འཁུར་བས་ངོ་སྤྲོད་ལྟར་ན།  འབྲུ་དང་རྩྭ་གཉིས་ཐོན་འབོར་མང་བའི་ས་བོན་ཁུ་ནུ13དང། 14གཉིས་ཀ་དང་། ཐོན་འབོར་མང་བོའི་སོན་བཟང་ནས་ནག1པོ་དང་། ཁུ་ནུ15སོགས་ནས་ཀྱི་སོན་བཟང་སྐོར་ཞིག་ཞིང་ཆེན་ཡོངས་སུ་འདེབས་འཛུགས་ཁྱབ་གདལ་བཏང་བ་དང་། ལོ་གཅིག་ནང་ནས་སོན་བཟང་ཏུན་ཁྲི5ཁྱབ་གདལ་བཏང་ནས་ནས་ཐོན་ལས་གོང་སྤེལ་ལ་འདེགས་སྐྱོར་གལ་ཆེན་བཏོན།   གསོ་སྤེལ་བྱས་པའི་ཁུ་ནུ14ཡི་ནས་སོན་ས་བབ་སྨི3000ཡས་མས་ཀྱི་ས་ཁུལ་དུ་ཐོན་འབོར་སྤྱི་རྒྱ400ལས་བརྒལ་བ་དང་། ཚྭ་འདམ་གཞོང་དུ་བཏབས་པའི་ཁུ་ནུ15དེ་སྤྱི་རྒྱ678.5ལ་བསླེབས་པ་མ་ཟད།  སྨིན་སྔ་བ་དང་ཐོན་འབོར་མང་བ། མི་ཉལ་བ་སོགས་ཁྱད་ཆོས་ལྡན།

ནས་ཀྱི་སོན་བཟང་སྤེལ་ཚད98%ལ་ཟིན་པ་དང་། ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད85%ཡན་ལ་ཟིན་ནས་སོན་ཁུངས་ལ་རང་བདག་གིས་ཚོད་འཛིན་ཐུབ་ཡོད་པས།  མཚོ་སྔོན་གྱི་ནས་རྒྱུ་གསོ་སྤེལ་དེ་འདེམ་གསེས་ནས་ཐོན་ཚད་མཐོ་བའི་སོན་བཟང་གསོ་སྤེལ། དེ་ནས་ཐོན་འབོར་དང་སྤུས་ཀ་གཉིས་ཀ་ལེགས་པའི་སོན་བཟང་གསོ་སྤེལ་བཅས་དུས་རིམ3བརྒྱུད་ཡོད། ད་སྔ་སྣ་མང་བེད་སྤྱོད་ཆེ་བའི་ཐོན་འབོར་མཐོ་ཞིང་སྤུས་ལེགས་པའི་སོན་བཟང་གསོ་སྤེལ་གྱི་དུས་ན་ཡོད་པས།  ཁྲོམ་རའི་དགོས་མཁོ་ལ་བསྟུན་ཅི་ཐུབ་བྱས་ཡོད་ཅེས་མཚོ་སྔོན་སློབ་ཆེན་ནས་ཞིབ་འཇུག་ཚོགས་པའི་འགན་ཁུར་བས་གསར་འགོད་པར་དེ་ལྟར་བརྗོད།

མཚོ་སྔོན་རྟགས་ཅན་གྱི་ཚོང་རྟགས་གྲགས་ཅན་ཡིན་པའི་ཆ་ནས་ཞིང་ཆེན་ནང་ཁུལ་དང་ཐ་ན་རྒྱལ་ཡོངས་ཀྱི་ནས་ཐོན་ལས་འབྲེལ་ཐག་གི་སྣེ་ཁྲིད་པ་ཡིན་པའི་མཚོ་སྔོན་ཧོར་གྲོང་ཐིན་ཡོའུ་ཏེ་ནས་ཆང་མ་རྐང་ཚད་ཡོད་ཀུང་སིས་ནས་རྒྱུ་གཙོ་བྱས་ཏེ།  ཐུན་མོང་མ་ཡིན་པའི་ནས་ཆས་བཙགས།  ད་ལྟ་ཧ་ལམ་སྤྱི་ཆིང་ཁྲི2ཅན་གྱི་ནས་ཞིང་རྟེན་གཞི་ཡོད། དེ་ལས་སྤྱི་ཆིང6666.667སྐྱེ་ལྡན་ངོས་འཛིན་ར་སྤྲོད་ཕྱོགས་ཀྱིས་ར་སྤྲོད་བྱས་ནས་ཐོན་རྫས་ཀྱི་རྒྱུ་སྤུས་འགོ་ཁུངས་ནས་ཁག་ཐེག་བྱས་ཡོད།  དེ་ནི་རྒྱལ་ཡོངས་ཆང་དཀར་བཟོ་བའི་ཁེ་ལས་ཁྲོད་མཐོང་ཉུང་བ་ཞིག་རེད།

   ཐིན་ཡོའུ་ཏེ་ལ་རྒྱལ་ཁབ་ཀྱིCNASངོས་འཛིན་ཁས་ལེན་ཚོད་ལྟ་ཁང་དང་ཀྲུང་གོའི་ནས་ཞིབ་འཇུག་གླིང་གཉིས་ལྡན་པས།  རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་ཚན་ཞིབ་འཇོན་མི་དང་། སྔོན་ཐོན་ཚན་ཞིབ་སྒྲིག་ཆས་ནང་འདྲེན་བརྒྱུད་ནས་སྲིད་ཐོན་སློབ་ཞིབ་ཟུང་འབྲེལ་གྱི་དགེ་མཚན་འདོན་སྤེལ་དང་།  ཁེ་ལས་ཀྱི་ཞིབ་འཇུག་གསར་གཏོད་ནུས་པ་དང་ཆུ་ཚད་མཐོར་འདེགས། ནས་ཀྱི་ཐོན་ལས་མགོ་མཇུག་བར་གསུམ་གྱི་ཐོན་ལས་འབྲེལ་ཐག་གི་ལག་རྩལ་གསར་གཏོད་དང་ཚད་གཞི་མ་ལག་འཛུགས་སྐྱོང་བཅས་ལ་ཤུགས་བསྣན་ཏེ།   ནུབ་རྒྱུད་སྐྱེ་ཁམས་སྐྱེ་ལྡན་ཐུན་མིན་ཞིང་ལས་ཐོན་ལས་ཅན་འགྱུར་གྱི་མཐོ་ས་བསྐྲུན་ནས་ནས་ཀྱི་ཚན་ཞིབ་རིན་ཐང་དང་། རིག་གནས་རིན་ཐང་། སྤུས་རྟགས་ཀྱི་རིན་ཐང་ཇེ་མཐོར་ཕྱིན་པ་དང་། ཚན་རྩལ་གྱི་སྣེ་ཁྲིད་ལ་བརྟེན་ནས་ཁེ་ལས་ཀྱི་ཐོན་སྐྱེད་གསར་པའི་ནུས་ཤུགས་ཇེ་ཆེར་ཕྱིན་ཡོད་ཅེས་ཀུང་སི་དེའི་སྤྱི་གཉེར་བ་ཝན་ཀའོ་ཏུང་གིས་དེ་ལྟར་ངོ་སྤྲོད་གནང་།
   རང་ས་རང་ཡུལ་ནས་འཚར་ལོངས་བྱུང་བའི་མཚོ་སྔོན་གྱི་ཁེ་ལས་དེ་བརྗེ་སྒྱུར་རིམ་སྤར་ལེགས་པོ་བྱས།  ད་སྔ་ཐིན་ཡོའུ་ཏེ་ཡིས་ཆེད་ཁེ་རྣམ་གྲངས15གསར་གཏོད་བྱས་ནས་སྙན་ཞུ་བརྒྱབ་ཏེ། རྒྱལ་ཁབ་དང་ལས་རིགས། ས་གནས་བཅས་ཀྱིས་གཏན་འཁེལ་བྱས་པའི་ཚད་གཞི་ཁག8ཀྱི་ཁྲོད་ཞུགས་ནས་ས་གནས་དང་ལས་རིགས་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ7ཐོབ་ཡོད་པ་དང་། ཞིབ་འཇུག་གྲུབ་འབྲས4རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་བསླེབས་ཡོད་པ་རེད།

སྤུས་ལེགས་བཟོ་སྣོན“ཐོན་སྐྱེད”ལ་བརྟེན་ནས་ཁྲོམ་རའི་གཟེངས་བསྟོད་ཐོབ། 

   ནས་འབྲུ་གཅིག་གི་བཟོ་སྣོན་ལ་རིན་ཐང་ག་ཚད་ཡོད་ཅེས་ན། ད་ལྟ་བཟའ་ཆས་འཛད་སྤྱོད་རྒྱུན་ཆད་མེད་པར་རིམ་སྤར་བྱེད་པ་དང་བསྟུན་ཏེ།  ཁེ་ལས་མང་པོས་ཐོན་སྐྱེད་ཀྱི་ཁ་ཕྱོགས་ཆེད་ཁེ་སྲུང་སྐྱོབ་ཡོད་པའི་བདེ་ཐང་བཟའ་ཆས་ཕྱོགས་སུ་གོམ་ཁ་བསྒྱུར་བཞིན་ཡོད། “ནས×སྤུས་ལེགས་བཟོ་སྣོན”གྱི་ཐབས་དེས་དམིགས་གྲངས་རིམ་པ་འཕར་སྲིད། 

  མཚོ་སྔོན་ཞིང་ཆེན་གྱི་ནས་ཐོན་ལས་གོང་སྤེལ་ལོ་གསུམ་འགུལ་སྐྱོད་འཆར་འགོད(ནས་སྤུས་ལེགས་བཟོ་སྣོན)ཆེད་དོན་ལག་བསྟར་བྱེད་མཁན་ལས་ཁུངས་གྲས་ཀྱི་གཅིག་ཡིན་པའི་མཚོ་སྔོན་ཀའོ་ཅིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ནས་སྤུས་ལེགས་བཟོ་སྣོན་གྱི་ཕྱོགས་ནས་ནུས་ཤུགས་བཏོན་པ་མིག་མཐོང་ལག་ཟིན་རེད།  ཟླ6ཚེས11ཉིན། གསར་འགོད་པ་ཀུང་སི་དེའི་ནས་སྤུས་ལེགས་བཟོ་སྣོན་ཐོན་སྐྱེད་བཟོ་ཁང་དུ་བསྐྱོད་ཅིང་། ནས་ཆང་སྔོན་མོའི་དྲི་ཞིམ་དྲི་འཛིན་བུ་གར་རྒྱུ་འོང་།   རྒྱུས་ལོན་པ་ལྟར་ན།  ནས་ཕྱེས་ལས་བཟོས་པའི་ཀ་ར་གོ་རེ་འདེམ་གསེས་བྱས་ནས་ཕྱི་ཐུམ་བརྒྱབ་རྗེས།  ཀུང་སིར་མངགས་ཉོ་འབྱོར་བའི་ས་གནས་སུ་བསྐུར།   ནས་ལ་འཚོ་བཅུད་རིན་ཐང་ཆེ་བས་དེར་བཟོ་སྣོན་སྤུས་ལེགས་བྱས་པའི་ཐོན་རྫས་ལ་འཛད་སྤྱོད་པས་འདེམ་ཉོ་བྱེད་སླ།  ནས་ཀྱི་ཐོན་རྫས་རབ་དང་རིམ་ཐོན་སྐྱེད་བྱས་རྗེས་དེ་ཉོ་མཁན་སྐུ་མགྲོན་ཡང་མི་ཉུང་བ་ཞིག་ཐོན།
       ང་ཚོས་མཚོ་སྔོན་གྱི་དངོས་པོ་ལེགས་ཤོས་དང་ཐོན་རྫས་ལེགས་ཤོས་རྒྱལ་ཡོངས་ས་གནས་སོ་སོར་བཀྲམས་ནས་མི་སྔར་ལས་མང་པོ་ཞིག་ལ་མཚོ་སྔོན་གྱི་ནས་དང་དེ་ལས་བཟོས་པའི་ཐོན་རྫས་ཤེས་རྟོགས་བྱེད་དུ་བཅུག་པ་ཡིན་ཞེས་ཀུང་སིའི་སྤྱི་གཉེར་པ་ཝའེ་ཅིན་ཧུའེ་ཡིས་དེ་ལྟར་བཤད། ད་སྔ་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་ས་གཉིས་བཙུགས་ཡོད། དང་པོ་ནི་ནས་ཀྱི་ཀ་ར་གོ་རེ་ཐོན་སྐྱེད་བྱེད་ས་ཡིན།  ལོ་རེར་ཐོན་འབོར་ཏུན55.8ཐོན་སྐྱེད་བྱེད་ཐུབ། གཉིས་པ་ནི་ནས་ཀྱི་བཏུང་ཆུ་རིགས་ཐོན་སྐྱེད་བྱེད་ས་ཡིན། ལོ་རེར་ཏུན120ཐོན་སྐྱེད་བྱ་ཐུབ། 2023ལོར་ཁེ་ལས་ཀྱིས་ནས་ཀྱི་མ་བཅོས་ནས་འབྲུ་ཏུན200ལྷག་བསྡུ་ཉོ་བྱས་ཤིང་། དེ་ཕྱིར་འཚོང་བའི་སྤྱིའི་སྒོར་གྲངས་ཁྲི2000ལ་ཉེ་བ་ཟིན་པ་དང་། གཙོ་བོ་ཀྲེ་ཅང་དང་། ཧྲང་ཧའེ།  ནན་ཅིན་སོགས་ས་ཁུལ་དུ་འཚོང་བ་རེད།
  ཐོན་སྐྱེད་བྱེད་ས་གསར་པ་བཀོལ་སྤྱོད་ལ་བརྟེན་ནས་ཁེ་ལས་གོང་སྤེལ་ལ་སྐུལ་འདེད་བྱེད་རོགས་བྱས། 
      ནས་དང་ལི་གྲོའི་འགོ་ཁུངས་བཟོ་གྲྭ་སྟེ། མཚོ་སྔོན་ཧྲང་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་བཟོ་སྣོན་ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་ཆས་ཆེན་པོ་འཁོར་སྐྱོད་རྒྱུན་ཆད་མེད་ཅིང་། རང་འགུལ་ཅན་གྱི་ཐོན་སྐྱེད་སྒུལ་ཤུགས་ཡོངས་སུ་སྤྱད་ཡོད་པ་དང་། བཟོ་པས་གོ་རིམ་མ་འཆོལ་བར་སྐྱེལ་ཡོང་བའི་མ་བཅོས་འབྲུ་རིགས་སྒམ་ནང་དུ་བཅུག་ནས་བསྐུར་བཞིན་ཡོད།  མཐོ་སྒང་གི་ནས་དག་མའི་སྒམ་ཆུང་རེ་རེ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་བྲིན་འཚོང་བྱེད་ཀྱི་ཡོད།  “ང་ཚོའི་ནས་འབྲུ་མཛོད་ནང་དུ་བཅུག་རྗེས།  གཙང་སེལ་དང་བཟོ་སྣོན་བྱེད་དགོས་པ་མ་ཟད།  གསེད་འཁོར་ནས་གསེད་འདེམ་བྱས་ནས་རང་འགུལ་ཅན་གྱི་ཐོན་སྐྱེད་ཆ་ཚང་ལ། བཟོ་རྩལ་ཅུང་སྔོན་ཐོན་ཡིན་པ་དང་། ནང་སྒོས་སུ་ནས་ཐོན་སྐྱེད་བཟོ་སྣོན་གྱི་ཕྱོགས་ནས་ནས་ཀྱི་མྱུ་གུ་སོར་འཇོག་བྱས་ནས་ཐོན་རྫས་ཀྱི་རྒྱུ་སྤུས་ལ་འགན་ལེན་བྱེད་ཀྱི་ཡོད།  ད་ལོར་ང་ཚོས་ཡང་བསྐྱར་མ་དངུལ་བཏང་སྟེ།   ནས་ཀྱི་ཟུར་སྣོན་རིན་ཐང་སྔོན་འདོན་བྱས་ནས་ཐོན་རྫས་ཀྱི་སྣ་མང་རང་བཞིན་དང་སྣ་འཛོམས་རང་བཞིན་མཐོར་འདེགས་སུ་བཏང་ནས་མཚོ་སྔོན་གྱི་ནས་ཐོན་ལས་གོང་སྤེལ་སྔར་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད”ཅེས་མཚོ་སྔོན་ཧྲང་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་ཁུར་བས་གསར་འགོད་པར་དེ་སྐད་བརྗོད།
      ཤེས་གསལ་ལྟར་ན། ཀུང་སི་དེ་ནི་མཐོ་སྒང་གི་ཁྱད་ལྡན་པའི་ནས་དང་། ལི་གྲོ་བཟོ་སྣོན།  བྲིན་འཚོང་གཞི་གཅིག་ཏུ་དྲིལ་བའི་ཚན་རྩལ་རང་བཞིན་གྱི་སྣེ་ཁྲིད་ཁེ་ལས་ཤིག་ཡིན།  ཐོན་རྫས་ཀྱི་རྒྱུ་སྤུས་དང་མ་བཅོས་རྒྱུ་ཆ་མཁོ་འདོན་ཁག་ཐེག་བྱ་ཆེད། ཀུང་སི་དེས་མཚོ་སྔོན་དུ་འབྲུ་རིགས་འདེབས་གསོ་རྟེན་གཞི་སྤྱི་ཆིང666.67ལ་བསླེབས་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ལས་རིགས་ནང་ཁུལ་དུ་སྣེ་ཁྲིད་ཀྱི་གོ་གནས་ཡོད་པའི་ཐོན་ལས་འབྲེལ་ཐག་ཆ་ཚང་བའི་ཁེ་ལས་སུ་གྱུར་ཡོད།  2023ལོར་ཁེ་ལས་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི3000གི་རིམ་པ་ཕྱིར་འཚོང་བྱས་ཡོད།

ད་སྔ་ཞིང་ཆེན་ནང་ཁུལ་དུ་ནས་ཀྱི་མངར་བྱུག་དང་ནས་ཀྱི་ཚི་སྣ(β-葡聚糖初级提取加工品)། ནས་ཀྱི་བག་ལེབ།   ནས་ལྷེབ།  ནས་ཀྱི་བཏུང་ཆུ་སྐམ་པོ་ལ་སོགས་ཐོན་སྐྱེད་བྱེད་ས20ལྷག་ཡོད་ཅིང་། ནས་ཀྱི་ཐོན་རྫས30ལྷག་གསར་སྤེལ་བྱས་ཡོད།  ལོ་ཧྲིལ་བོར་ཇུས་འགོད་བཟོ་སྣོན་ཏུན་ཁྲི28ཐུབ་པ་དང་། ཐོན་རྫས་ཐོན་སྐྱེད་ཏུན་ཁྲི26བྱེད་ཐུབ།  བཟོ་སྣོན་བརྗེ་སྒྱུར་ཚད60%ལ་བསླེབས་པ་དང་། ཐོན་རྫས80%ལ་བསླེབས།  གཙོ་བོ་ནས་ཆང་དང་། ནས་ཕྱེ།  ནས་འབྲས། རྩམ་པ།  ནས་ཀྱི་བག་ལེབ། ནས་ཀྱི་འོ་ཇ།  ནས་ཀྱི་སྐམ་ཐུག  ནས་ཀྱི་སྟབས་བདེ་ཐུག་པ།  བཏུང་ཆུ་ལ་སོགས་ཐོན་རྫས་མང་པོ་བཟོ་སྣོན་བྱས་ནས་ཁྲོམ་རའི་སྟེང་དགའ་བསུ་ཐོབ་ཡོད།

   གློག་རྡུལ་ཚོང་འཕྲིན་སྤུས་ལེགས་ལེགས་སྒྲིག་བྱས་ཏེ་བྲིན་འཚོང་གི་ཚོང་ལམ་རྒྱ་བསྐྱེད།

         སྐབས་འདིར་དྲ་ཐོག་གི་བྲིན་འཚོང་ནི་ཁྲོམ་རའི་འཕེལ་ཕྱོགས་རྒྱ་བསྐྱེད་ཆེད་ཡིན།  མཚོ་ཤར་གྲོང་ཁྱེར་ནས་ཐོན་ལས་ཀྱི་སྤུས་ལེགས་ཁེ་ལས་ཤིག་ཡིན་པའི་ཆ་ནས་མཚོ་སྔོན་སན་ཧི་ཡུན་བཟའ་ཆས་ཚད་ཡོད་ཀུང་སི་དང་མཚོ་སྔོན་ནུབ་མཚོའི་ཕྱུགས་ར་བཟའ་ཆས་ཚད་ཡོད་ཀུང་སི་གཉིས་ལ་ངོས་ཟིན་གཅིག་བྱུང་ཡོད་པ་ནི།   གློག་རྡུལ་ཚོང་འཕྲིན་སྤུས་ལེགས“ནུབ་རྒྱུད་ལེགས་འདེམ”གྱི་ཚོང་གྲོང་ལ་བརྟེན་ནས་ནས་ཐོན་རྫས་འཛད་སྤྱོད་པ་ནས་ཁྱིམ་ཚང་སྟོང་ཕྲག་མང་པོའི་བསྐྱོད་ཐུབ་རྒྱུ་དེ་རེད། 

མཚོ་སྔོན་གྱི་སྐམས་ཤ་དང་། ནས། བོད་ལུག  དབྱར་རྩྭ་དགུན་འབུ།  འཕང་འབྲས།  ལི་གྲོ ། ཞོ་ལ་སོགས“མཚོ་བོད་མཐོ་སྒང”གི་ཁྱད་ལྡན་འབོད་མིང་རེ་རེ“མཆི་མ་བཞུར་བའི་རྣམ་པ”ཐོག་ནས་མགོ་བརྩམས་ལ། ཐོན་རྫས་དེ་རྣམས“ནུབ་རྒྱུད་ལེགས་འདེམ”ཚོང་གྲོང་ནས་ཁྱེད་ཀྱིས་ཉོ་ཐུབ། 

ཟླ6ཚེས13ཉིན།  གསར་འགོད་པ་མཚོ་ཤར་གྲོང་ཁྱེར་རྨ་ཙོང་ཁུལ་གསར་གྱི་མཚོ་སྔོན་ནས་དང་ལི་གྲོ་སྤྱི་གཉེར་ཁང་གི་དཔལ་འབྱོར་རྟེན་གཞི་ནས་ཤེས་གསལ་ལྟར་ན།   ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཙུགས་ཏེ།  ནས་དང་ལི་གྲོ་ཐོན་ལས་མགྱོགས་པོར་གོང་སྤེལ་བྱ་ཆེད།  མཚོ་སྔོན་གྱིས་མཚོ་ཤར་གྲོང་ཁྱེར་གྱི“རྒྱུད་གཅིག་ལམ་གཅིག”དང་ལན་གྲུ་ནས་ཟི་ལིང་བར་གྱི་དཔལ་འབྱོར་ཁུལ་གྱི་ས་གནས་དང་། འགྲིམ་འགྲུལ། ཟོག་འདྲེན་ཉར་མཛོད།  ཁྲོམ་རའི་ཆ་འཕྲིན་གྱི་དགེ་མཚན་བཅས་ལ་གཞི་བཅོལ་ཏེ།  རྟེན་གཞི་དེས་མཚོ་སྔོན་གྱི་ནས་དང་ལི་གྲོ་ཐོན་ལས་གྲངས་ཀ་ཅན་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་ཁེ་ལས་ཀྱི་འཁོར་སྐྱོད་དགེ་མཚན་འདོན་སྤེལ་བྱས་པ་དང་།  སྤྱི་ཕན་རང་བཞིན་གྱི་གཞི་གྲངས་ཞབས་ཞུ་སྟེགས་བུ་བེད་སྤྱད་དེ་ནས་དང་ལི་གྲོ་ཐོན་སྐྱེད་བྲིན་འཚོང་གི་ཚད་གཞི་འཐུས་ཚང་དུ་བཏང་ནས་ནས་དང་ལི་གྲོ་ཚད་ལྡན་ཅན་དུ་བསྒྱུར་བའི་ཐོན་སྐྱེད་རྟེན་གཞ་མགྱོགས་པོར་འཛུགས་སྐྲུན་བྱས་ནས་ནས་དང་ལི་གྲོ་ཐོན་ལས་ཚོགས་འཛུགས་སྐྲུན་ལ་སྐུལ་འཁྲིད་བྱས།

“ང་ཚོས་མཚོ་སྔོན་གྱི་འཕེལ་རྒྱས་ལ་འཚམ་པའི‘སྦྲེལ་དྲ+མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས’དྲ་ཐོག་དང་དྲ་འོག་གཉིས་ཀའི་ཁྱད་ལྡན་སྤྱི་ཁྱབ་དཔལ་འབྱོར་བསྐྲུན་ཏེ། ནས་དང་ལི་གྲོ་ཐོན་ལས་ཀྱི་རིན་ཐང་འབྲེལ་ཐག་དང་ས་ཁོངས་ཐོན་ཁུངས་བར་གྱི་བར་སྟོང་མཉམ་སྤྱོད་བྱས་ནས་ཐོན་ལས་གོང་སྤེལ་ལ་དཔལ་འབྱོར་གྱི་ཁེ་ཕན་སྔར་ལས་མང་པོ་བསྐྲུན་བཞིན་ཡོད      ”ཅེས་རྟེན་གཞིའི་འགན་ཁུར་བ་ལི་པང་ཅུན་གྱིས་དེ་ལྟར་བཤད། 

ལི་པང་ཅུན་གྱིས་འདི་སྐད།  མཚོ་སྔོན་གྱི་ནས་དང་ལི་གྲོ་སྤྱི་ཁྱབ་དཔལ་འབྱོར་རྟེན་གཞིས་མཚོ་སྔོན་གྱི་རྨ་ཙོང་ཞིང་ནགས་ཕྱུགས་གསུམ་གྱི་ཐོན་རྫས་ཉོ་ཚོང་ཚད་ཡོད་ཀུང་སིས་བསྐྲུན་པའི“ནུབ་རྒྱུད་ལེགས་འདེམ”གྱི་དྲ་ཐོག་ཚོང་རྫས་ཉོ་འཚོང་སྟེགས་བུ་ལ་བརྟེན་ནས“ཁྲོམ་ར་ཆེན་པོ་དང་། ལས་སྒོ་ཆེན་པོ། སྐུ་མགྲོན་ཆེན་པོ”ཡི་གནས་ཐིག་གཏན་འཁེལ་བྱས་པས། ད་ལྟ་མཚོ་སྔོན་མཐོ་སྒང་ཞིང་ཕྱུགས་ཐོན་རྫས་ཕྱིར་སྐྱོད་པའི་ཚོང་ལམ་གསར་པ་དང་སྒོ་མོ་གསར་པ་ཞིག་ཏུ་གྱུར་ཡོད།

ད་སྔ“ནུབ་རྒྱུད་ལེགས་འདེམ”ལ་ཚོང་རྫས་འདོན་སྤྲོད་བྱེད་མཁན་ཁེ་ལས2600ལྷག(ནས་དང་ལི་གྲོ་ཐོན་རྫས་བཟོ་སྣོན་ཁེ་ལས70ལྷག )ཡོད་པ་དང་། མཚོ་སྔོན་གྱི་སྐམས་ཤ་དང་། ལུག་ཤ།  དབྱར་རྩྭ་དགུན་འབུ།  འཕང་འབྲས། ལི་གྲོ།   ནས་ལ་སོགས་ཚོང་རྫས་སྤུས་ལེགས་ཁྲི2ལྷག“ནུབ་རྒྱུད་ལེགས་འདེམ”ཚོང་གྲོང་དུ་ཡོད། 2021ལོ་ནས་ད་བར་དུ་ཁྱོན་སྡོམ་སྒོར་དུང་ཕྱུར11གི་རིམ་པ་ཕྱིར་འཚོང་བྱས་ཡོད། 

  མཚོ་སྔོན་གྱི་ནས་དང་ལི་གྲོ་ཡི་སྙན་གྲགས་ཇེ་ཆེ་དང་མདུན་ལམ་ཡངས་པོ་བསྐྲུན།

མཚོ་སྔོན་དུ་ནས་ནི་རྒྱ་ཁྱབ་ཏུ་འདེབས་པའི་འབྲུ་རིགས་གྲས་ཀྱི་གཅིག་ཡིན་ལ། ད་ལྟའི་བར་ལོ་ངོ3500ཡི་རྨོ་འདེབས་ལོ་རྒྱུས་ལྡན།

ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཤིག་ཡིན་པའི་ཆ་ནས་ཚན་རྩལ་གྱི་འདེགས་སྐྱོར་དང་སྲིད་ཇུས་ཀྱི་སྐུལ་འདེད་འོག  མཚོ་སྔོན་གྱི་ནས་ཐོན་ལས་ཚད་ལྡན་ཅན་དང་། ཐོན་ལས་ཅན། ཚོང་རྟགས་ཅན་དུ་འཕེལ་ཡོད་ཅིང་། ནས་ཞིང་གི་རྒྱ་ཁྱོན་དང་ཐོན་འབོར་ལོ་རེ་ནས་ཇེ་མང་ཡིན་པ་དང་། ཐོན་སྐྱེད་ཀྱི་ཕྱོགས་ནས་སོན་རྒྱུ་གསར་པ་ཁྱབ་གདལ་གྱིས་ཐོན་འབོར་ཆེ་ལ་འབབ་འཕར་གྱི་ནུས་པ་མངོན་གསལ་རེད།

ཉེ་བའི་ལོ་རིང་ལ།  ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཅོལ་ཏེ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཞིང་ལས་འདེབས་འཛུགས་གྲུབ་སྟངས་མགྱོགས་པོར་ལེགས་སྒྲིག་བྱས་ཏེ། ཁྱད་ལྡན་ཐོན་ལས་གོང་སྤེལ་བྱས།  སྣེ་ཁྲིད་སྟོབས་ལྡན་དང་། སྦྲེལ་ཐག་ཁ་གསབ།  ལས་རིགས་གསར་པ་དར་སྤེལ།  སྤུས་རྟགས་སྐྱེད་སྲིང་བཅས་བརྒྱུད་དེ། ཁྱད་ལྡན་ཐོན་ལས་བརྗེ་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་ནས་བོས་ན་མིང་སྙན་ཞིང་བྲིན་རྒྱུག་ཆེ་བའི་མཚོ་སྔོན་རྟགས་ཅན་གྱི་སྤུས་ལེགས་ཐོན་རྫས་རིམ་བཞིན་སྤྱི་དམངས་ཀྱི་མཐོང་ལམ་དུ་མངོན།

དེ་ལས་མཚོ་སྔོན་ནས་ཐོན་ལས་འབྲེལ་ཐག་གཞི་རྩའི་ཐོག་གྲུབ་ཏེ། “ཐོན་འབོར་མང་བའི་འབྲུ་རིགས་ཀྱི་མཁོ་འདོན་ལ་འགན་སྲུང་”དང་“འབྲུ་གཟན་གཉིས་སྤྱོད་ཀྱིས་ཞིང་ལས་ལ་བརྟེན་ནས་ཕྱུགས་ལས་ལ་སྐུལ་འདེད”“       སྤུས་ལེགས་བཟོ་སྣོན།  ཕན་འབྲས་མཐོར་འདེགས། ”བཅས་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་བཞིན་ཡོད་ལ།  དེས་ནས་ཀྱི་སྣ་མང་བའི་མི་མངོན་ནུས་ཤུགས་དང་། ནས་ཀྱི་ཕྱོགས་བསྡུས་རིན་ཐང་བཅས་མཐོར་འདེགས་སུ་བཏང་ནས་ནས་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་འཕེལ་ནས་སྤུས་ལེགས་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐུལ་འདེད་གཏང་བར་དོན་སྙིང་གལ་ཆེན་ལྡན།

《ནོར་ནག་དང་ནས་ཐོན་ལས་གོང་སྤེལ་གྱི་ལོ་གསུམ་འགུལ་སྐྱོད་འཆར་འགོད》ནང་། ནས་ཐོན་ལས་སྤུས་རྟགས་བཟོ་བར་ཤུགས་བསྣན་ཏེ། ནས་ཐོན་ལས་ཀྱི་སྤུས་རྟགས་དང་ཁྲོམ་རའི་ཚོང་གཉེར་བཅས་སུ་ཁེ་ལས་འཆར་འགོད་དང་། སྤུས་རྟགས་འོས་སྦྱོར་ལ་སོགས་ཕྱོགས་ཡོངས་ནས་སྤེལ་བའི་བླང་བྱ་བཏོན་ཡོད་པ་མ་ཟད། དེ་ལ་སྲིད་གཞུང་གིས་རྒྱབ་སྐྱོར་ཚད་མེད་དང་སྲིད་ཇུས་ཀྱིས་རམ་འདེགས་ནུས་ལྡན་བཏོན་ནས་འབྲེལ་ཡོད་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་དང་མ་དངུལ་གཏོང་འཇོག   ཐོན་སློབ་ཞིབ་གསུམ་མཉམ་ལས། ཁེ་ལས་ལག་རྩལ་གསར་གཏོད་ཀྱི་དཔེ་སྟོན་མ་ལག་བཅས་མྱུར་དུ་གྲུབ་པར་ཡར་སྐུལ་ཐོག་སྣེ་ཁྲིད་དེ།  ཐོལ་བརྒལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱ་དགོས།  ཐོན་ལས་ཀྱི་བཀོད་ཁྱབ་དང་གྲུབ་སྟངས་བརྒྱུད་དེ།  ཐོན་སྐྱེད་གྲུབ་ཆ་དེ་དགེ་མཚན་ལྡན་པའི་ཁེ་ལས་ཀྱི་ཕྱོགས་སུ་འདུ་བར་སྣེ་ཁྲིད་དེ།   རིམ་གྱིས་སྣེ་ཁྲིད་དཔེ་སྟོན་གྱི་ཁེ་ལས་ལ་གཞི་བཅོལ་ནས་བཟོ་སྣོན་ཁེ་ལས་དང་ཉོ་ཚོང་ཁེ་ལས་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་ནས་བཟོ་སྣོན་ཐོན་ལས་ཀྱི་ཁྱད་ལྡན་གླིང་ཁུལ་གོང་དུ་སྤེལ་དགོས་པ་མ་ཟད།  བྱེད་ཐབས་སྣ་མང་སྤྱད་དེ་ནས་ཐོན་རྫས་ཀྱི་ཁྲོམ་རའི་བྲིན་འཚོང་གི་ཚོང་ལམ་རྒྱ་བསྐྱེད་དགོས།  ལྷག་པར་དུ་ཁེ་ལས་ཀྱི“སྟོབས་ཤུགས་མི་འདང་བའི་ཕྱོགས་ལ”ཤུགས་འདོན་རོགས་བྱ་དགོས་ཞེས་བསྟན་ཡོད།  

རྩོམ་སྒྲིག་པ། ཁོན་ཐར་འཚོ།