ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས10ཉིན་རིག་གནས་དང་ཡུལ་སྐོར་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2024ལོའི་ལྔ་བའི་བ་གཞི་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཚོང་ར་སྤྱིའི་ཆ་ནས་བརྟན་འཇགས་དང་གོ་རིམ་ལྡན་པ་བྱུང་ཡོད། རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞི་གྲངས་ལྟེ་གནས་ཀྱིས་ཚད་ལེན་ཞིབ་རྩིས་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་རྒྱལ་ནང་ཡུལ་སྐོར་བྱེད་མཁན་མི་དུང་ཕྱུར1.1ལ་སླེབས་པ་དང་། དུས་མཉམ་ལས6.3%འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་པའི་ཡུལ་སྐོར་འགྲོ་གྲོན་སྒོར་དུང་ཕྱུར403.5ལ་སླེབས་པ་དང་དུས་མཉམ་ལས8.1%འཕར་ཡོད།
གུང་གསེང་རིང་། མང་ཚོགས་ཀྱི་གྲུ་གཟིངས་འགྲན་བསྡུར་དང་ལོ་ཆན་བཟའ་བ། རི་གླུ་ལེན་པ། གནའ་བོའི་རོལ་དབྱངས་ལ་མཉན་པ་སོགས་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ནང་དོན་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱུང་ཡོད།
གུང་གསེང་རིང་། ས་ཁུལ་སོ་སོས་ཁྱད་ལྡན་བྱ་འགུལ་དང་གསར་དར་འཛད་སྤྱོད་ལྗོངས་རྣམ། དམངས་ཕན་བྱེད་ཐབས་སྣ་ཚོགས་བཏོན་ཡོད། ས་ཁུལ་སོ་སོས་ད་རུང་སྲོལ་རྒྱུན་དམངས་སྲོལ་དང་དམངས་ཁྲོད་སྒྱུ་རྩལ་དེ་དངོས་མང་འགྲེམ་སྟོན་ཁང་དང་མཛེས་རྩལ་ཁང་། དཔེ་མཛོད་ཁང་། ཟློས་གར་ཁང་། གློག་བརྙན་ཁང་སོགས་ཀྱི་རིག་གནས་བར་སྟོངས་དང་མཉམ་འདྲེས་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་ལྗོངས་རྣམ་གསར་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།
ཡུལ་སྐོར་པ་མང་པོ་ཞིག་གིས་རང་སའི་སྤྲོ་འཆམ་དང་ཉེ་གམ་གྱི་ཡུལ་སྐོར་བདམས་ཤིང་། གྲོང་མཐའི་ཆུ་མཚེའུ་དང་ཞིང་ལས་རོལ་མྱོང་། སྒར་འདེབས་སོགས་ཀྱི་ལས་གཞི་ལ་དགའ་བསུ་ཐོབ་པ་དང་། རིག་གནས་ཁང་དང་ཚོང་རའི་སྲང་ལམ་ནི་ཡུལ་སྐོར་པའི་སྤྲོ་གསེང་བྱ་ཡུལ་གཙོ་བོར་གྱུར་ཡོད།
ཡུལ་སྐོར་པ་སྔར་ལས་མང་པོ་ཞིག་གིས་སྟབས་བསྟུན་ཅན་དང་སྒེར་གཤིས་ཅན་གྱི་ཡུལ་སྐོར་བྱེད་ཐབས་བདམས་ནས། དལ་ལྷོད་ཅན་གྱི་ཡུལ་སྐོར་དང་རོལ་མྱོང་གཏིང་ཟབ། སྤྲོ་འཆམ་ཁྲོད་འཚོ་བར་རོལ་མྱོང་བྱས། ཡུན་ནན་དང་མཚོ་སྔོན། ཀན་སུའུ། ནང་སོག ཀོས་ཀྲོའུ་སོགས་ཀྱི་ས་ཁུལ་ནི་ན་གཞོན་གྱིས་སྒེར་འཁོར་བསྐོར་བ་དང་ཚ་གཡོལ་ཡུལ་སྐོར་བྱེད་ཡུལ་དུ་གྱུར་ཡོད། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།