སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། རིག་དངོས་ཞིབ་འཇུག་གསལ་འགྲེལ་དང་འགྲེམས་སྟོན་དྲིལ་སྒྲོག་ཆུ་ཚད་མཐོ་རུ་བཏང་ནས། རིག་དངོས་ལ་གསོན་ཤུགས་རྒྱས་སུ་འཇུག་པ་དང་། གང་དེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཚོ་བཅུད་བཟང་པོ་དང་། ཀྲུང་ཧྭའི་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཆེ་རུ་གཏོང་བའི་མིང་བྱང་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཟླ་6ཚེས་8ཉིན་ནི་2024ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཡིན་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རང་རྒྱལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ས་གནས་ཁག་གིས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་འདེད་ཧུར་ཐག་བཏང་བ། རིག་དངོས་དང་རིག་གནས་ཤུལ་བཞག་གི་རིན་ཐང་སྣ་མང་སྔོག་འདོན་བྱས་ཏེ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་མཚོན་པའི་རིན་ཐང་མཚོན་རྟགས་དང་རིག་གནས་ཐོན་རྫས་དེ་བས་མང་བ་དར་སྤེལ་བཏང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་དངོས་དང་རིག་གནས་ཤུལ་བཞག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདུས་ཡོད་པས། བསྐྱར་སྐྱེས་བྱེད་མི་ཐུབ་པ་དང་། ཚབ་བྱེད་མི་ཐུབ་པའི་ཀྲུང་ཧྭའི་ཕུལ་བྱུང་ཤེས་དཔལ་ཐོན་ཁུངས་ཤིག་རེད་ཅེས་བསྟན་གནང་ཡོད། ཨན་ཧུའེ་ཧོའེ་ནན་དུ་ཝུའུ་ཝང་ཏུན་གྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ལོ་རྒྱུས་ཡུན་རིང་བའི་ཀྲན་གོའི་དུས་སྐབས་ཀྱི་བང་སོ་ཆེ་གྲས་དེ་ནི་ད་བར་ཚན་རིག་དང་མཐུན་པའི་སྒོ་ནས་སྔོག་འདོན་བྱས་པའི་གཞི་ཁྱོན་ཆེ་ཤོས་དང་། རིམ་པ་མཐོ་ཤོས། གྲུབ་ཆ་རྙོག་འཛིང་ཆེ་ཤོས་བཅས་ཀྱི་ཁྲུའུ་རྒྱལ་རབས་དུས་ཀྱི་བང་སོ་ཞིག་རེད། ཝུའུ་ཝང་ཏུན་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཀྱི་འགན་འཁུར་བ་ཀུང་ཤིས་ཁྲེང་གིས་བང་སོ་དེ་བྱུང་བའི་ལོ་རབས་ནི་དོན་དངོས་ཐོག་སྤྱི་ཚོགས་ཀྱི་རྣམ་པ་འགྱུར་བའི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་། ང་ཚོས་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་དུས་རིམ་ཁྲོད་ཀྱི་འགག་རྩའི་མཚམས་ཚིགས་ཤེས་རྟོགས་བྱེད་པར་རིག་གཞུང་གི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
ཞ་རྒྱལ་རབས་ཀྱི་རིག་གནས་ཞིབ་འཇུག་སོགས་“ཀྲུང་གོའི་གནའ་རྫས་དཔྱད་ཞིབ”རྣམ་གྲངས་གལ་ཆེན་ལ་ཞིབ་འཇུག་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན། ཉིའུ་ཧོ་ལིའང་དང་། དབྱིན་ཤུའུ། ལྷོ་རྒྱ་མཚོའི་ནུབ་བྱང་སྐམ་སའི་གྱེན་ལྡེབས་ཀྱི་དིམ་གྲུ་དང་པོ་དང་། གཉིས་པའི་གནའ་རྫས་དཔྱད་ཞིབ་སོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་སོགས་རང་རྒྱལ་གྱི་གནའ་རྫས་དཔྱད་ཞིབ་གསར་རྙེད་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དེས་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་ཀྱི་དུས་རིམ་རང་བཞིན་གྱི་དབྱེ་བ་སྔར་བས་ཁ་གསལ་དུ་བཏང་ཡོད། ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ལིའུ་གོ་ཞང་གིས་ཕྱོགས་གཅིག་ནས་ང་ཚོས་ཕུན་སུམ་ཚོགས་པའི་གནའ་རྫས་དཔྱད་ཞིབ་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ལྔ་ར་སྤྲོད་བྱེད་ཐུབ། ཕྱོགས་གཞན་ཞིག་ནས་ང་ཚོས་གནའ་རྫས་དཔྱད་ཞིབ་གསར་པར་བརྟེན་ནས་ང་ཚོའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་ཐུབ། དེར་བརྟེན་ང་ཚོས་གསལ་འགྲེལ་ལས་དོན་ཡག་པོ་བསྒྲུབས་ནས། གནའ་རྫས་དཔྱད་ཞིབ་ཀྱི་གྲུབ་འབྲས་སྤྱད་དེ་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ལྔར་གསལ་འགྲེལ་ཡག་པོ་རྒྱག་དགོས། མངོན་མིན་རིག་གནས་ཤུལ་བཞག་གི་བརྒྱུད་རིམ་རང་བཞིན་སྲུང་སྐྱོང་གིས་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་བཞིན་ཡོད་ལ། རིག་གནས་ཀྱི་བློ་སྤོབས་དང་ཡིད་ཆེས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
ཇ་ཡིག་བཀྲམ་པ་དང་། ཇ་རྔ་བརྡུངས་བ། ཇ་བཀོལ་བ་སོགས་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་ཅིང་ཧྲན་རི་བོ་འདབས་ཀྱི་མངོན་མིན་ཤུལ་བཞག་ཇའི་རིག་གནས་མྱོང་རོལ་ཁང་དུ། དགུ་བཅུའི་རྗེས་སྐྱེས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཀྲོའུ་དབྱིང་གིས་ཡུལ་སྐོར་བར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི“ཅིན་ཧྲན་རི་བོའི་ཇ་སྟོན”འགྲེམས་འཁྲབ་བྱེད་བཞིན་ཡོད།
ཇའི་རིག་གནས་དེ་མཛེས་ལྗོངས་ཁུལ་དང་། ཁེ་ལས། སློབ་གྲྭ་བཅས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། ཇ་བཟོས་ཞིམ་ཟས་དང་ཇ་ཚལ་རིགས་བཅས་100ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད་ཡུས་ཧང་ཆུས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཇའི་རིག་གནས་འཚོ་བ་ཆུས་ཡོངས་སུ་ཁྱབ་གདལ་གཏོང་བཞིན་ཡོད་པ་རེད། ཀྲེ་ཅང་ཞིང་ཆེན་རིག་གནས་དང་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཁྲུའུ་ཞའོ་ཡན་གྱིས། ཀྲེ་ཅང་ནི་མངོན་མིན་རིག་གནས་ཤུལ་བཞག་གི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་མངོན་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། རྣམ་པ་གསར་པ་གཏོད་པ། ལས་རིགས་གསར་པ་རྒྱ་ཆེར་གཏོང་བ། འཛད་སྤྱོད་གསར་པར་སྐུལ་འདེད་གཏོང་བ་བཅས་ཀྱིས་སྤུས་ཚད་མཐོ་བའི་མངོན་མིན་རིག་གནས་ཤུལ་བཞག་མཛེས་ལྗོངས་ཁུལ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལམ་ཐིག མངོན་མིན་རིག་གནས་ཤུལ་བཞག་གི་བརྗོད་བྱ་གཙོ་བོའི་ཞིང་ཁྱིམ་མགྲོན་ཁང་། མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ཁྲོམ་ལམ་བཅས་བཏོད་ཡོད་པས། ནུས་ཤུགས་ཆེན་པོས་མངོན་མིན་རིག་གནས་ཤུལ་བཞག་ཐོག་སྣོན་གྱི་ལས་དོན་ཡག་པོ་སྒྲུབ་པ་དེས། ནུས་ལྡན་གྱི་སྒོ་ནས་རིག་གནས་ཡུལ་སྐོར་གྱིས་འཛད་སྤྱོད་ལ་སྣེ་ཁྲིད་བྱས་ཡོད་ཅེས་གསུངས་ཡོད།
འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་ནི་མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་དང་རང་བྱུང་འཕེལ་འགྱུར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཤེས་དཔལ་མི་འདྲ་བ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། 2021ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་གནང་བར་ཕེབས་པའི་ས་ཚིགས་དང་པོ་དེ་ཝུའུ་དབྱི་ཧྲན་རི་བོའི་རྒྱལ་ཁབ་སྤྱི་གླིང་དུ་ཡིན་པ་དང་། 1999ལོའི་ཟླ་12པར། ཁོང་གིས་སྐུལ་འདེད་བཏང་གནང་བའི་འོག ཝུའུ་དབྱི་ཧྲན་རི་བོ་འཛམ་གླིང་གི་རང་བྱུང་དང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པས། “འཛམ་གླིང་རིག་གནས་ཤུལ་བཞག་ཉིས་བརྩེགས”ཀྱི་མཚན་སྙན་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། ཝུའུ་དབྱི་ཧྲན་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་ཚན་རྩལ་ནུས་སྤྲོད་དང་ཕྱོགས་ཡོངས་ནས་སྐྱེ་དངོས་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་མཛེས་སྡུག་ལྡན་པའི་འབྱུང་ཁམས་ལ་རིག་གནས་ཀྱི་གསོན་ཤུགས་སྣོན་རྒྱུར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། ཝུའུ་དབྱི་ཧྲན་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཝེ་ཡིས། ང་ཚོས“རིག་གནས་དང་རང་བྱུང་ཤུལ་བཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན”འཛུགས་སྐྱོང་བྱེད་པའི་དམིགས་འབེན་དེར་དམིགས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཛམ་གླིང་ཤུལ་བཞག་ཁུལ་དང་རྒྱལ་ཁབ་སྤྱི་གླིང་མཉམ་དུ་སྲུང་སྐྱོང་དང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས། མིའི་རིགས་ཡོངས་ཀྱི་རིག་གནས་དང་རང་བྱུང་གི་གཅེས་ནོར་ལ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ད་ཆ་བཀྲག་མདངས་རབ་ཏུ་འཚེར་བའི་རིག་གནས་ཤུལ་བཞག་དང་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་གཉིས་ཀྱིས་དུས་རབས་གསར་པའི་གཟི་བརྗིད་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མི་སེམས་འགུལ་བའི་རི་མོ་ཞིག་མཉམ་དུ་འབྲི་བཞེངས་བྱས་ཡོད། ད་ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“རིག་དངོས་སྲུང་སྐྱོང་དང་། ཤེས་དཔལ་རྒྱུན་འཛིན་བྱེད་དགོས”ཞེས་པ་དེ་ཡིན་པ་དང་། རྒྱལ་ཁབ་རིག་དངོས་ཅུས་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་ཅིན་རུའེ་གོ་ཡིས། རིག་དངོས་དང་རིག་གནས་ཤུལ་བཞག་གིས་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་རྒྱུད་འཛིན་བྱེད་བཞིན་པས། ཀྲུང་ཧྭའི་ཤེས་དཔལ་གྱི་མཉམ་གསོག་མཉམ་གནས་དང་། ལེགས་ཆ་གཅིག་སྡུད་ཀྱི་བློ་རྒྱ་ཡངས་པོ་མཚོན་ཡོད་པས། དེ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཞིག་རེད། རིག་དངོས་སྲུང་སྐྱོང་དང་ཤེས་དཔལ་རྒྱུན་འཛིན་བྱ་རྒྱུ་ནི་དུས་རབས་ཀྱི་བརྗོད་གཞི་ཡིན་ལ། རིག་དངོས་བྱ་གཞག་གོང་འཕེལ་གཏོང་བའི་རྨང་གཞི་ཡང་ཡིན་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།