ཟླ6པའི་ཚེས6ཉིན། ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་ལས་གཞིའི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་བར་གྱི་གྲོས་མཐུན་འགོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལའོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅི་ཡུའེ་ཡེ་ཧྥུའུ་བཅས་ཀྱིས་བརྙན་ལམ་ནས་གྲོས་མཐུན་བཀོད་པར་རྟེན་འབྲེལ་ཞུས།
ཟླ6པའི་ཚེས6ཉིན། ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་ལས་གཞིའི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་བར་གྱི་གྲོས་མཐུན་འགོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་གྲོས་མཐུན་བཀོད་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་ནི། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་བར་ཕན་ཚུན་འབྲེལ་མཐུད་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལས་གཞི་ཞིག་དང་། རྒྱལ་ཁབ་གསུམ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་ལས་མཉམ་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན། རྒྱལ་ཁབ་གསུམ་གྱི་སྲིད་གཞུང་བར་གྲོས་མཐུན་བཀོད་པ་དེས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་ལས་གཞི་འཛུགས་སྐྲུན་ལ་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་བྱ་ངེས་ཡིན་ཞིང་། གྲོས་མཐུན་བཀོད་པ་དེའི་སྟེང་ནས་རྒྱལ་ཁབ་གསུམ་གྱི་ལྕགས་ལམ་དེ་ཐོག་མའི་འཆར་གཞི་ནས་མིག་སྔའི་དོན་ཐོག་ཏུ་འཁྱོལ་བའི་བརྒྱུད་རིམ་མཚོན་ཐུབ་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱལ་ཁབ་གསུམ་གྱིས་མཉམ་དུ་ལག་གདང་སྦྲེལ་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་ཆོད་སེམས་བརྟན་པོའང་མཚོན་ཡོད། ཀྲུང་གོས་ཅིར་ཅི་སི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་དང་མཉམ་དུ་འབད་འབུངས་གང་ལེགས་བྱས་ཏེ། ལས་གཞི་འཛུགས་སྐྲུན་དངོས་སུ་མགོ་རྩོམ་པའི་གྲ་སྒྲིག་ལས་དོན་ཁག་ཡག་པོར་གཉེར་ནས། རྒྱལ་ཁབ་གསུམ་དང་རྒྱལ་ཁབ་གསུམ་གྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་བསྐྲུན་རྒྱུ་དང་། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་འཐབ་ཇུས་ཀྱི་བརྒྱུད་ལམ་གང་མགྱོགས་ངང་བསྐྲུན་འདོད་ཡོད་ཅེས་གསུངས།
ཀྲ་ཕཱ་ལའོ་ཧྥུའུ་ཡིས་རྒྱལ་ཁབ་གསུམ་གྱི་ལྕགས་ལམ་ནི་རྒྱལ་ཁབ་གསུམ་གྱིས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་དང་། བཟོ་སྐྲུན་གལ་ཆེན་དེ་བསྐྲུན་རྗེས། ཨེ་ཤ་ཡ་ནས་ཡོ་རོབ་དང་པོ་སི་མཚོ་ཁུགས་རྒྱལ་ཁབ་བར་གྱི་སྐྱེལ་འདྲེན་ལམ་ཐིག་གསར་པར་འགྱུར་ངེས་ཡིན་པ་དེས། ལམ་རྒྱུད་རྒྱལ་ཁབ་ཁག་དང་ཐ་ན་ས་ཁུལ་ཧྲིལ་པོའི་བར་གྱི་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་པའི་ཐད་དོན་སྙིང་ཆེན་པོ་ལྡན། ལྕགས་ལམ་དེ་གང་མགྱོགས་ཀྱིས་བསྐྲུན་ནས་འཁོར་རྒྱུག་བྱས་ཏེ། ས་ཁུལ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུར་རོགས་རམ་གསར་པ་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།
མིས་ཨར་ཅི་ཡུའེ་ཡེ་ཧྥུའུ་ཡིས་དེ་རིང་གི་གྲོས་མཐུན་འགོད་པའི་མཛད་སྒོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ལ། ས་ཁུལ་ཕན་ཚུན་འབྲེལ་མཐུད་འཛུགས་སྐྲུན་ཐད་ནས་དངོས་སྒྲུབ་ཀྱི་གོམ་པ་བརྟན་པོ་ཞིག་སྤོས་ཡོད། རྒྱལ་ཁབ་གསུམ་གྱི་ལྕགས་ལམ་དེ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་སྦྲེལ་མཐུད་བྱེད་པའི་སྐམ་སའི་བགྲོད་ལམ་ཐུང་ཤོས་སུ་འགྱུར་ངེས་ཡིན་ལ། ད་དུང་ཨེ་ཤ་ཡ་ལྷོ་མ་དང་དབུས་ཤར་རྒྱལ་ཁབ་ཀྱི་ཁྲོམ་ར་ཆེན་མོ་སྦྲེལ་མཐུབ་བྱེད་ཐུབ་པས། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཀྲུང་གོའི་བར་མཉམ་ལས་སྔར་ལས་རྒྱ་ཆེན་པོ་བྱེད་པ་དང་། རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་ཟབ་སྤེལ་གཏོང་རྒྱུར་ཕན་ཐོགས་ངེས་ཅན་ཡོད་པས། རྒྱལ་ཁབ་སོ་སོའི་ཕུགས་ཀྱི་ཁེ་ཕན་དང་ཡོངས་སུ་མཐུན་ཞེས་བསྟན།
རྩོམ་སྒྲིག་པ། ཁོན་ཐར་འཚོ།