རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་35.8ཙམ་ཟིན་པའི་ཀྲུང་གོའི་ཤར་རྒྱུད་དུ་གནས་པའི་འབྲི་ཆུའི་ཟུར་གསུམ་གླིང་གིས་རྒྱལ་ཁབ་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་ཆེན་པོའི་ཁྲོད་དང་ཁྱོན་ཡོངས་ཀྱི་སྒོ་དབྱེའི་གྲུབ་གཞིའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། 2023ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཏིངས་ཡོད། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས“གཞི་གཅིག་ཅན”དང“སྤུས་མཐོ”ཞེས་པའི་འགག་རྩའི་ཚིག་གཉིས་ལ་དམ་པོར་གཞིགས་ཏེ། གནད་དོན་གལ་ཆེན་ཐག་གཅོད་དང་། བསྒྱུར་བཅོས་གལ་ཆེན་དོན་འཁྱོལ། ལས་འགན་གཙོ་གནད་དོན་འཁྱོལ་བཅས་ལ་སྐུལ་འདེད་བཏང་ཐོག ལག་གདང་སྦྲེལ་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འབྲི་ཆུའི་ཟུར་གསུམ་གླིང་གི་ལེའུ་གསར་པ་རྩོམ་བཞིན་ཡོད།
འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱིས་རྒྱལ་ཁོངས་ས་ཆའི་བརྒྱ་ཆ་4ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མི་འབོར་བརྒྱ་ཆ་17ཙམ་འདུས་ཡོད་པ་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་1/4ཙམ་བཏོད་ཡོད་པས། རང་རྒྱལ་དཔལ་འབྱོར་གྱི་དར་འཕེལ་ཆེ་ཤོས་དང་། སྒོ་འབྱེད་ཚད་མཐོ་ཤོས། གསར་གཏོད་ནུས་པ་ཆེ་ཤོས་བཅས་ཀྱི་ས་ཁོངས་གྲས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱིས“གསར་གཏོད་ནུས་པ་དང་། ཐོན་ལས་འགྲན་རྩོད་ནུས་པ། འཕེལ་རྒྱས་ཀྱི་ནུས་པ་བཅས་སྔར་བས་ཆེ་རུ་བཏང་ནས། རིམ་པ་དེ་བས་མཐོ་བའི་བསྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་སྔོན་ལ་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
གཞི་གཅིག་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་ལས། འབྲི་ཆུའི་ཟུར་གསུམ་གླིང་གི་དཔལ་འབྱོར་ལ་གསོན་ཤུགས་དང་ལྡེམ་ཤུགས་ཆེན་པོ་ལྡན་ཡོད། ཉེ་དུས། ཧྲང་ཧའེ་རུ་གནས་པའི་འཕྲུལ་མིའི་རིག་ནུས་བཟོ་གྲྭ་ཞིག་ཏུ་གཅིག་སྡུད་ཐོག་འཕྲུལ་མི་བཟོ་གྲྭ་ལས་མ་ཐོན་གོང་གི་བརྟག་དཔྱད་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། འཕྲུལ་མི་དེ་དག་ལིས་གློག་རྫས་དང་། འོད་ཧྥུའུ། ནུས་ཁུངས་གསར་པའི་རླངས་འཁོར་སོགས་ལས་རིགས་དང་ཁེ་ལས་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་དང་། འཕྲུལ་མི་དེ་ཚོའི་ལྟེ་བའི་ལྷུ་ལག་དེ་དག་འབྲི་ཆུའི་ཟུར་གསུམ་གླིང་ནས་ཐོན་སྐྱེད་བྱས་པ་ཤ་སྟག་རེད། ཀུང་སིའི་སྤྱི་འདོམས་གཞོན་པ་ཀྲོའུ་ཀོང་ཤིང་གིས། འདི་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྟེ་བའི་ལྷུ་ལག་ནས་གཙོ་གཟུགས་བར་དང་དེ་ནས་ཐག་གཅོད་ཇུས་གཞིའི་བར། ཉོ་མཁན་ནས་འཚོང་མཁན་བར་བཅས་ཀྱི་ཕྱོགས་ཡོངས་མཐུན་སྦྱོར་ཞིག་རེད། དེས་མཁོ་སྤྲོད་སྦྲེལ་ཐག་གི་ལྡེམ་ཤུགས་དེ་བས་ལེགས་སུ་བཏང་ཡོད་ལ། དུས་མཚུངས་ལས་རིགས་ཐུན་མོང་ཐོག་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་པ་རེད།
ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག འབྲི་ཆུའི་ཟུར་གསུམ་གླིང་གིས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་བཞིན་ཡོད། ཨན་ཧུའེ་ཞིང་ཆེན་ཚན་རྩལ་ཐིང་གསར་གཏོད་འཕེལ་རྒྱས་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཞི་ཧའེ་པིང་གིས། རང་འགུལ་ངང་མདུན་བཅར་དང་། གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད། ནུས་ཤུགས་ཡོད་རྒུས་མཉམ་འདྲེས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་དང་། ཚན་རྩལ་གྲུབ་འབྲས་མཉམ་སྤྱོད། ཐོན་ལས་མ་ལག་བཀོད་སྒྲིག་སོགས་ཀྱི་ཐད་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་རེད།
ཐོན་ལས་གྲུབ་ཚུལ་མགྱོགས་མྱུར་ངང་མཐོ་འབྲིང་གི་ཕྱོགས་སུ་གོང་འཕེལ་བཏང་བ་དང་། རྣམ་པ་གསར་པའི་ཁྱད་ཆོས་མངོན་གསལ་དོད་དུ་ཕྱིན་ཡོད། མིག་སྔར། འདུས་གྲུབ་གློག་ལམ་དང་། སྐྱེ་དངོས་སྨན་དང་སྨན་རྫས། མིས་བཟོས་རིག་ནུས་སོགས་འཐུབ་ཚབ་ཏུ་གྱུར་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འབྲི་ཆུའི་ཟུར་གསུམ་གླིང་དུ་མགྱོགས་མྱུར་ཆགས་བཞིན་ཡོད། འབྲི་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་དོ་དམ་ཨུ་ལྷན་གྱི་ཨུ་ཡོན་ཧྲི་ཀུང་ཆིས། འབྲི་ཆུའི་ཟུར་གསུམ་གླིང་གི་ཚན་རྩལ་གསར་གཏོད་ཐོན་ཁུངས་གཞི་གཅིག་ཅན་དང་ནུས་ཆེའི་སྒོ་ནས་བསྡུ་སྒྲིལ་བྱེད་པ་དང་། ཐོན་ལས་ལག་རྩལ་གྱི་མཁོ་སྤྲོད་ནུས་པ་རྩེ་གྲ་གཏོད་པ། འབྲི་ཆུའི་ཟུར་གསུམ་གླིང་གི་ཐོན་ལས་རྨང་གཞིའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱིས། འབྲི་ཆུའི་ཟུར་གསུམ་གླིང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་ས་ཁོངས་ལས་བརྒལ་བ་དང་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་གསུངས་པ་རེད།
འབྱུང་ཁམས་ཁོར་ཡུག་མཉམ་སྲུང་མཉམ་འབྲེལ་བཅོས་སྐྱོང་དང་ས་ཁོངས་ལྗང་མདོག་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པས་འབྲི་ཆུའི་ཟུར་གསུམ་གླིང་གི་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་དེའང་“ཁེར་རྐྱང་གི་ཟློས་གར”ལྟ་བུ་ཞིག་ནས“མཉམ་སྒྲོག་རོལ་དབྱངས”ལྟ་བུ་ཞིག་ཏུ་གྱུར་ཡོད། ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧའེ་བཅས་ཞིང་ཆེན་གཉིས་དང་གྲོང་ཁྱེར་གཅིག་བརྒྱུད་བཞིན་པའི་ཐའེ་ཕུའུ་གཙང་པོ་ནི་ཐའེ་ཧུའུ་མཚེའུ་འབབ་རྒྱུད་ཀྱི་མིས་བཟོས་ཆུ་ལམ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། དེ་སྔ་བཙོག་སྐྱོན་ཆེན་པོ་ཤོར་ཡོད། འབྲི་ཆུའི་ཟུར་གསུམ་གླིང་གི་འབྱུང་ཁམས་ལྗང་མདོག་གཞི་གཅིག་ཅན་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དེས་ས་ཁུལ་གསུམ་གྱིས་ཐའེ་ཕུའུ་གཙང་པོ་མཉམ་དུ་བཅོས་སྐྱོང་བྱ་རྒྱུར་གོ་སྐབས་བསྐྲུན་ཡོད། ཀྲེ་ཅང་ཞིང་ཆེན་ཅ་ཤིན་གྲོང་ཁྱེར་འབྱུང་ཁམས་ཁོར་ཡུག་ཅུས་ཅ་ཧྲན་ཡན་ལག་ཅུས་འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་འགོ་འཛིན་གཞོན་པ་ཝུའུ་ཧྲེང་ཧུའེ་ཡིས། དཔེ་སྟོན་ཁུལ་ལག་བསྟར་ཨུ་ལྷན་གྱི་སྐུལ་འདེད་འོག གྲངས་གཞི་མཉམ་སྤྱོད་སྟེགས་བུ་བསྐྲུན་ནས་ས་ཁུལ་གསུམ་པོས་ཆུ་བོའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཆུའི་སྤུས་ཚད་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་ལ་ཆུད་ཐུབ་པ་དང་། ཁྱད་ཆོས་ལྡན་པའི་སྦགས་བཙོག་དངོས་རིགས་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཆ་ཚང་3བསྣན་པས། ང་ཚོའི་མིག་གིས་ལྟ་ཞིབ་བྱ་ཐབས་བྲལ་བའི་རྒྱུན་ལྡན་མིན་པའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ནས་སྔོན་ཚུད་ཉེན་བརྡ་གཏོང་བའི་ནུས་པ་ཐོན་ཡོད་ཅེས་གསུངས་པ་རེད།
དུས་དང་བར་སྟོང་གི་བར་ཐག་དང་སེམས་ཁམས་ཀྱི་བར་ཐག་ཇེ་ཉེ་རུ་ཕྱིན་པ་དེས་འབྲི་ཆུའི་ཟུར་གསུམ་གླིང་གི་འཕེལ་རྒྱས་གོ་སྐབས་དེ་རྒྱུག་ཆུ་དང་འདྲ་བར་བར་མཚམས་ཆད་རྒྱུ་མེད། ན་ནིང་ལོ་མཇུག་བར། འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་འཁོར་སྐྱོད་ལམ་ཚད་དེ་སྤྱི་ལེ་ཆིག་ཁྲི་བཞི་སྟོང་ལས་བརྒལ་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ལས་ཞུགས་ཁུལ་དང་། ཆུ་ཚོད་གཅིག་གི་འཚོ་བའི་ཁུལ། ཆུ་ཚོད་3གྱི་མྱུར་བགྲོད་ལྕགས་ལམ་ཁུལ་བཅས་ཆགས་ཡོད་པ་རེད། གཞི་གཅིག་ཅན་གྱི་དམངས་འཚོའི“བདེ་སྐྱིད་ཁུལ”ཡང་ཇེ་ཆེར་འགྲོ་བཞིན་ཡོད་པས། ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོ་འགོད་རྒྱུ་དང་། སྨན་བཅོས་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་བྱ་རྒྱུ། ཁེ་ལས་འཛུགས་པ་སོགས་སྒྲུབ་མང་བའི་བྱ་དོན་173འབྲི་ཆུའི་ཟུར་གསུམ་གླིང་དུ“ཞིང་ཆེན་ལས་བརྒལ་ནས་སྒྲུབ་ཐུབ”ཀྱི་ཡོད་པ་རེད། ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཁྲུང་ཁྲོན་ཆུས་གྲངས་གཞི་ཅུས་ཀྱི་ཞིབ་མཆན་འགོད་པའི་ཚན་ཁག་དང་པོའི་ཁོའོ་ཡོན་སུའུ་ལིན་གྱིས། རྟོག་བཟོའི་སྐར་ཁུང་ལ་བརྟེན་ནས་ས་གནས་གཞན་དུ་ལས་དོན་གཉེར་སྐབས། “བརྙན་ཤེལ་དང་བརྙན་ཤེལ་བར”གྱི་བརྙན་ལམ་བརྒྱུད་ས་གནས་གཞན་དེའི“དྲ་རྒྱ་གཅིག་གིས་ལས་དོན་ཚང་མ་སྒྲུབ་པའི”ཆེད་བསྐོས་ལས་དོན་པ་དང་འབྲེལ་མཐུད་བྱས་ནས། དུས་དང་བར་སྟོང་ལས་བརྒལ་བའི་ངོ་ཐུག་གདོང་འཕྲད་ཐུབ་པ་བྱས་ཏེ། ལས་སྒྲུབ་ལས་ཕྱོད་ཆེ་རུ་བཏང་ཡོད་ཅེས་གསུངས་པ་རེད།
འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། གསོན་ཤུགས་ཀྱིས་ཁེངས་པའི་འབྲི་ཆུའི་ཟུར་གསུམ་གླིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་ལྡན་རི་མོ་འབྲི་བཞིན་ཡོད། ད་ལོའི་དུས་ཚིགས་དང་པོར། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་བདུན་ཁྲི་བཞི་སྟོང་ཟིན་པ་དེས་རྒྱལ་ཡོངས་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ་25ཙམ་ཟིན་ཡོད་པ་དང་། འབྲི་ཆུའི་ཟུར་གསུམ་ས་ཁོངས་ཀྱི་སྤྱི་ཡོངས་སྟོབས་ཤུགས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། འབྲི་ཆུའི་ཟུར་གསུམ་གླིང་མཉམ་ལས་གཞུང་དོན་ཁང་གི་ཀྲུའུ་རེན་ཀུའུ་ཅུན་གྱིས། གཞི་གཅིག་ཅན་དང་སྤུས་མཐོ་ཞེས་པའི་འགག་རྩའི་ཚིག་གཉིས་ལ་དམ་པོར་གཞིགས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། མཁྲེགས་ཆས་སྦྲེལ་མཐུད་དང་ལམ་སྲོལ་མཐུན་སྦྱོར་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་བཅས་ཀྱི་ཐོག་ནས། འབྲི་ཆུའི་ཟུར་གསུམ་གླིང་གིས་སྔོན་ལ་ལམ་བུ་འཚོལ་ཞིབ་དང་། སྣེ་ཁྲིད་དཔེ་སྟོན། ཁྱབ་འགྱེད་སྐུལ་ཁྲིད་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་ཐུབ་པ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྲོད་མདུན་གྲལ་དུ་བསྐྱོད་རྒྱུ་རེད་ཅེས་གསུངས་ཡོད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།