ཞི་ཅིན་ཕིང་གིས་མུའུ་ཧན་མོ་ཏེ་དང་མཇལ་མོལ་གནང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     ཟླ་5ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་དང་ཆབས་ཅིག་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པར་ཕེབས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ་དང་མཇལ་མོལ་གནང་བ་རེད། 

     ཞི་ཅིན་ཕིང་གིས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་པ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་ནང་ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་གོང་འཕེལ་ཡག་པོ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ནས། དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ད་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བའི་ལོ་ཡིན་ཞིང་། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་སྔར་སོང་རྒྱུན་མཐུད་དང་མ་འོངས་གསར་འབྱེད་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ལྷན་དུ་མུ་མཐུད་འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་པོའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོར་དམ་འཛིན་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་གོང་འཕེལ་ཆེན་པོ་ཡོང་བར་འགན་སྲུང་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད། 

     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་གི་གོང་འཕེལ་ལམ་བུ་འགྲིམ་རྒྱུར་རྒྱབ་སྐྱོར་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་དབང་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ལྷན་དུ་ཆབ་སྲིད་ཐད་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལག་གདང་འབྲེལ་ནས་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་བཅས་བྱེད་འདོད་ཡོད། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ལྷན་དུ་སྤུས་མཐོའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མ་འཇོག་མཉམ་ལས་ཀྱི་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དེ་གོ་སྐབས་ལ་བརྩིས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཕན་འབྲས་དེ་བས་མང་བ་ཐོབ་པར་བྱེད་པ་དང་། ཉོ་ཚོང་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ། ཆ་འཕྲིན་ལག་རྩལ་དང་། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གསར་པ་སོགས་རྩེར་སོན་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། ཁྲིམས་འཛིན་བདེ་འཇགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་འདོད་ཡོད། མི་རིང་བའི་གོང་། ང་རང་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སྦྱོང་མཁན་ལ་ཆེད་མངགས་ཡིག་ལན་བསྐུར་ནས། ཁོང་ཚོས་རྒྱ་ཡིག་ཡག་པོ་སྦྱོང་བ་དང་ཀྲུང་གོར་རྒྱུས་ལོན་ཡག་པོ་བྱས་ཏེ། ཀྲུང་ཨའི་མཛའ་བཤེས་ཆེད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་མ་བཏང་བ་ཡིན། ཀྲུང་གོས་མུ་མཐུད“སློབ་གྲྭ་བརྒྱར་རྒྱ་ཡིག་སློབ་པའི”རྣམ་གྲངས་ལ་རྒྱབ་སྐྱོར་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཀྲུང་གོའི་རིག་གནས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་དང་། ཕན་ཚུན་གྱི་ཤེས་རྟོགས་དང་མཛའ་བརྩེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་སྣ་མང་ཅན་གྱི་འཕེལ་ཚུལ་ནི་ལྡོག་ཐབས་མེད་པ་ཞིག་རེད། སྣ་མང་ཅན་གྱི་ངོ་བོ་ནི་ཤེས་དཔལ་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ། ལམ་ཕྱོགས་མི་འདྲ་བ་བཅས་ཀྱི་དབར་ཕན་ཚུན་བརྩི་བཀུར་དང་ཞི་བདེ་མཉམ་གནས་བྱ་རྒྱུ་དེ་ཡིན་དགོས། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་སྣ་མང་ཅན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ས་ཁུལ་རྒྱལ་ཁབ་ནས་མུ་མཐུད་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་གོང་འཕེལ་ལམ་བུ་འགྲིམ་པ་དང་། བློ་བརྟན་འགྱུར་མེད་ངང་མཐུན་སྒྲིལ་རང་སྟོབས་རང་སྤེལ་དང་ཞི་བདེ་ཞི་འདུམ་གྱི་ལམ་བུ་འགྲིམ་པ། འབྲེལ་གཏུག་གྲོས་མོལ་ལ་བརྟེན་ནས་འགལ་བ་སེལ་རྒྱུ་རྒྱུན་འཁྱོངས། མདུན་ལམ་ལས་དབང་རང་ཉིད་ནས་བདག་གིར་འཛིན་པ་བཅས་བྱ་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས། སྐབས་གཉིས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་ལེགས་པར་གཉེར་ཏེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཨ་རབ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་མཚོ་ཁུག་རྒྱལ་ཁབ་ཀྱི་འཐབ་ཇུས་རོགས་པའི་འབྲེལ་བར་ཤུགས་སྣོན་བརྒྱབ་ཐོག ཕྱོགས་མང་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།

     མུའུ་ཧན་མོ་ཏེ་ཡིས། ངའི་ཕ་ཡུལ་གཉིས་པ་ཀྲུང་གོར་སླར་ཡང་འཚམས་འདྲིར་བཅར་རྒྱུ་བྱུང་བ་མ་ཟད་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་རྨང་གཞི་བརྟན་པོ་ཡོད་པ་དང་། ཨ་རབ་དང་ཀྲུང་གོའི་འབྲེལ་བ་དང་། མཚོ་ཁུག་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏིང་ཟབ་གཏོང་རྒྱུ་ནི་ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་རྒྱལ་ཁབ་ཀྱི་མི་དམངས་རྣམས་ཀྱི་ཐུན་མོང་གི་བསམ་འདུན་དང་གཞི་རྩའི་ཁེ་ཕན་དང་ཡང་མཐུན་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་ཀྲུང་གོ་དང་ལྷན་དུ་འབད་བརྩོན་བྱས་ཐོག ཨ་རབ་དང་ཀྲུང་གོ་དང་། མཚོ་ཁུག་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བར་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད། 

     མུའུ་ཧན་མོ་ཏེས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ནི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་བཀུར། ཐུན་མོང་གི་ཁེ་ཕན་ལྡན་པ་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ཆུ་ཚད་ཧ་ཅང་མཐོ་པོར་སླེབས་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་དབར་གྱི་ཕྱི་འབྲེལ་དེ་གཞན་གྱི་སྔོན་ལ་བསམ་གཞིགས་བྱེད་པའི་གནས་བབ་ཐོག་བཞག་ཡོད་ཅིང་། ཀྲུང་གོ་འདི་ཉིད་ཡུན་རིང་བློས་འགེལ་ཆོག་པའི་འཐབ་ཇུས་མཉམ་ལས་རོགས་པར་བརྩི་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བ་དེ་གོ་སྐབས་ཤིག་ལ་བརྩིས་ཐོག དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ནུས་རྒྱུ། ཚན་རྩལ། སློབ་གསོ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་དང་རྒྱ་ཆེ་རུ་གཏོང་འདོད་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། རྣམ་པ་གང་རུང་གི་ཐའེ་ཝན་རང་བཙན་ཟེར་བར་ངོ་རྒོལ་བྱེད་པ། ཀྲུང་གོས་རྒྱལ་ཁབ་ཀྱི་གཅིག་གྱུར་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་ལ་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཧུར་ཐག་ཞུ་བཞིན་ཡོད་ལ། མུ་མཐུད་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་དང་། ཀྲུང་གོའི་དབར་ཕྱོགས་མང་འབྲེལ་གཏུག་རོགས་ལས་དམ་ཟབ་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། གོང་འཕེལ། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་འབད་པ་ལྷོད་མེད་བྱ་འདོད་ཡོད་ཅེས་བསྟན་ཡོད། 

     ཕྱོགས་གཉིས་པོས་ད་དུང་ཕ་དབྱིའི་གདོང་ཐུག་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། མིག་སྔའི་ཁ་ཚ་དགོས་གཏུག་ནི་ཁྱོན་ཡོངས་ནས་དམག་མཚམས་བཞག་ནས་མི་ཆོས་རིང་ལུགས་ཀྱི་ཉེན་ཁ་ཞི་ལྷོད་དུ་གཏོང་རྒྱུ་དེ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་དེ་“རྒྱལ་ཁབ་གཉིས་ཀྱི་གྲོས་གཞིའི”རྨང་གཞིའི་ཐོག་བཞག་ནས་གང་མགྱོགས་དབྱེན་འབྱེད་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས་ངེས་ཡིན། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་འཛིན་པའི་ལང་ཕྱོགས་གཅིག་མཚུངས་ཡིན། ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་དེ་ཁྱོན་ཡོངས་དང་། གཞུང་དྲང་། རྒྱུན་སྲིང་བཅས་ཀྱི་ཐོག་ནས་ཐག་གཅོད་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་འདུག 

     མཇལ་མོལ་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཐུན་མོང་ཐོག་མ་འཇོག་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན། ཚན་རྩལ། ཞི་བདེའི་ངང་ཉིང་རྡུལ་ནུས་པ་བེད་སྤྱོད། རྒྱ་ཡིག་སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་ཡོད། 

     མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མུའུ་ཧན་མོ་ཏེར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད། 

     གནམ་བདེ་སྒོ་མོའི་ཐང་ཆེན་ནས་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་པ་དང་། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་ལུགས་མཚོན་པར་བྱས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཡོད། མུའུ་ཧན་མོ་ཏེས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་པ་མ་ཟད། དམག་རིགས་རྣམ་འབྱེད་རུ་སྟར་ལ་གཟིགས་ཡོད་པ་རེད།

     ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་མུའུ་ཧན་མོ་ཏེར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད་པ་རེད།

     ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།