ཞོགས་པའི་ཉི་འོད་དང་པོ་རྨ་ཆུ་འབྱུང་ཡུལ་དུ་འཕྲོས་པ་དང་བསྟུན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་རྨ་ལ་བཞི་གྲོང་ཚོ་ཡིས་གནམ་ཟླ་དྭངས་པོ་བསུས་ནས། གསེར་མདོག་གི་ཉི་འོད་མཐོ་སྒང་གི་གྲོང་ཚོར་ཡོངས་སུ་འཕྲོས་པ་རེད།
རྨ་ལ་བཞི་གྲོང་ཚོའི་བྱང་རྒྱུད་ཀྱི་ས་སྟོང་དུ་ཉི་ནུས་འོད་ནུས་པང་ལེབ་གྲལ་སྒྲིག་པ་དང་། འོད་འཚེར་འཕྲོ་བཞིན་པའི་ཉི་འོད་ལྗང་མདོག་གློག་ནུས་སུ་སྒྱུར་ཏེ་གློག་འདོན་ལམ་ཐིག་བརྒྱུད་དེ་རྒྱང་རིང་དུ་སྐྱེལ་བ་རེད། ཉེ་བའི་ལོ་ཤས་རིང་། འོད་ནུས་ཐོན་ལས་ལ་བརྟེན་ནས་ས་གནས་འབྲོག་མི་ཚོའི་ཡོང་འབབ་མཐོ་རུ་ཕྱིན་པ་དང་། འོད་ནུས་གློག་འདོན་ས་ཚིགས་ཀྱིས་ཕྱུག་འགྱུར་འབབ་འཕར་ཐད“ཉི་འོད་བཟོ་གྲྭ”མཁོ་འདོན་བྱས།
“2023ལོར། ངེད་གྲོང་ཚོས་འོད་ནུས་གློག་འདོན་ས་ཚིགས་ལ་བརྟེན་ནས་འབབ་འཕར་སྒོར་ཁྲི17མངོན་འགྱུར་བྱུང་ཡོད”ཅེས་རྨ་ལ་བཞི་གྲོང་ཚོའི་གྲོང་མི་ཨ་ལི་ཡིས་དེ་ལྟར་བཤད། ཁོང་གིས་འོད་ནུས་ལས་གཞི་ལག་བསྟར་བྱས་པ་དེས་ཕ་ཡུལ་གྱི་ཁོར་ཡུག་དང་རྨང་གཞི་སྒྲིག་བཀོད་གནམ་ས་བླ་འོག་བརྗེ་བའི་འགྱུར་ལྡོག་བྱུང་བ་མ་ཟད། རང་ཉིད་ཀྱིས་སྒོ་འགྲམ་ནས་བྱ་བ་རྙེད་པ་ཡིན་ཟེར།
འདི་ནི་རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་རྨ་ལ་བཞི་གྲོང་ཚོ་ནས་བསྐྲུན་པའི་ཀྲའོ་ཝ4.4ཅན་གྱི་གྲོང་ཚོ་རིམ་པའི་འོས་ནུས་གློག་འདོན་ས་ཚིགས་ཡིན།
རྨ་སྟོད་རྫོང་ནི་གཙམ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུ་འབྱུང་ཁུལ་གྱི་ལྟེ་གནས་སུ་ཆགས་ཤིང་། དེའི་ཆ་སྙོམས་ས་བབ་སྨི4500ཟིན་པ་དང་ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི4ཡིན་ཞིང་དབྱང་འདུས་ཚད་མཚོ་ངོས59%ཟིན་ཡོད།
“ཐོན་ལས་གང་ཞིག་ལེགས་པ་དང་། ཐོན་ལས་གང་ཞིག་ས་གནས་དང་མཐུན་པ། སྐབས་དེར་དངོས་གནས་རྟོགས་དཀའ་བ་ཞིག་རེད”ཅེས་རྨ་ལ་བཞི་གྲོང་ཚོར་བཅའ་སྡོད་བྱས་པའི་ཧྲུའུ་ཅི་དང་པོ་ཀའོ་ལི་ཡིས་དེ་ལྟར་བཤད། རང་བྱུང་ཁོར་ཡུག་ཞན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། ཆ་འཕྲིན་བཀག་པ་བཅས་ཀྱི་རྐྱེན་གྱིས་རྨ་སྟོད་རྫོང་དེ་ཡུན་རིང་ཞིག་ལ་ཐོན་ལས་འཕེལ་རྒྱས་དཀའ་བའི་གནས་སུ་ལྷུང་།
འཛམ་གླིང་སྣེ་གསུམ་པ་ནས་ཆགས་པའི་ངོས་ནས། རྨ་སྟོད་རྫོང་གི་མཁའ་དབུགས་གཙང་ཞིང་ཉི་འོད་འགྱེད་འཕྲོ་ཤུགས་ལྡན་པས་འོད་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱ་རྒྱུ་དེ་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་གྱི་གདམ་གསེས་དང་པོར་གྱུར།
རྨ་སྟོད་རྫོང་གི་གནས་ཚིགས་གཏན་ཁེལ་རོགས་སྐྱོར་སྡེ་ཚན་ཡིན་པའི་ཆ་ནས། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་ཡིས2016ལོ་དང2018ལོར་མ་དངུལ་སྒོར་དུང་ཕྱུར1.25བཏང་ནས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ནས་ཀྲའོ་ཝ10གནས་གཞན་པའི་འོད་ནུས་གློག་འདོན་ས་ཚིགས་དང་། རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་ནས་ཀྲའོ་ཝ4.4རིམ་པའི་འོད་ནུས་གློག་འདོན་ས་ཚིགས་བཙུགས་པ་རེད།
གློག་འདོན་ས་ཚིགས་དེ་གཉིས་ཀྱི་ཆ་སྙོམས་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་ཁྲི2700ཡིན་པ་དང་། འོད་ནུས་གློག་འདོན་གྱིས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ30གྲོང་ཚོ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་རྒྱབ་སྐྱོར་ཐད་ཕན་ཐོགས་ཡོད།
“འོད་ནུས་གློག་འདོན་ས་ཚིགས་ལས་གཞི་ལག་བསྟར་བྱས་རྗེས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་ལོ20ཡན་གྱི་འོད་ནུས་གློག་འདོན་ཡོང་འབབ་བརྟན་བརླིང་ཐོབ་ཐུབ་པ་མ་ཟད། གྲོང་མི་ལ་ལས་འོད་ནུས་བཀོད་སྒྲིག་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་བརྟེན་ནས་རང་གི་ཁྱིམ་སྒོ་འགྲམ་ནས་ལས་ཞུགས་འབབ་འཕར་མངོན་འགྱུར་བྱུང་ཡོད”ཅེས་ཀའོ་ལི་ཡིས་ངོ་སྤྲོད་བྱས། རྫོང་ཡོངས་ཀྱིས་འོད་ནུས་ལ་བརྟེན་ནས་སྤྱི་ཕན་ལས་གནས77བཀོད་སྒྲིག་བྱས་པའི་ནང་རྨ་ལ་བཞི་གྲོང་ཚོས7བཀོད་སྒྲིག་བྱས་ཡོད།
ད་ལོའི་ཟླ4བའི་ཟླ་མཇུག་བར་དུ། རྨ་སྟོད་རྫོང་གི་འོད་ནུས་གློག་འདོན་ས་ཚིགས་ལས་གཞི་ཡིས་བསྡོམས་པས་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་ཁྲི1.86ཟིན་ནས་ཡོང་འབབ་སྒོར་ཁྲི7221མངོན་འགྱུར་བྱུང་། བརྟན་བརླིང་གི་འོད་ནུས་ཡོང་འབབ་ཀྱིས་རྨ་ལ་བཞི་གྲོང་ཚོ་དབུལ་ཐར་བྱུང་བ་མ་ཟད། རྫོང་ཡོངས་ཀྱི་མང་ཚོགས་ཕྱུག་འགྱུར་དཔལ་ཡོན་ལྡན་པའི་གྲོང་གསེབ་དར་སྤེལ་བགྲོད་ལམ་གསར་བ་ནང་བསྐྱོད་པ་རེད།
ད་ལྟ། སྤྱི་ཕན་ལས་གནས་སྟེང་ཨ་ལི་ཡིས་ཉིན་རེར་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་གཞུང་ལས་ཁང་དུ་ཕྱིན་ནས་ཆ་འཕྲིན་རྒྱུ་ཆ་ལེགས་སྒྲིག་བྱེད་པ་དང་རང་གིས་ལས་ཐུབ་པའི་དོན་སྒྲུབ་བཞིན་ཡོད། དེ་དང་ཆབས་ཅིག་ཏུ་མོས་ད་དུང་གྲོང་ཚོའི་མཉམ་ལས་ཁང་གི་ཐོན་སྐྱེད་འཁོར་ཁང་ལ་གཙང་སྦྲ་བྱེད་བཞིན་ཡོད། “རང་གི་ཁྱིམ་སྒོ་འགྲམ་ནས་ལས་ཞུགས་ཐུབ་པ་མ་ཟད། སློབ་གྲྭ་འགྲིམ་པའི་ནུ་མོ་གཉིས་ལ་ཡང་བདག་སྐྱོང་བྱེད་ཐུབ”ཅེས་རང་གི་ད་ལྟའི་འཚོ་བ་གླེང་དུས་ཨ་ལིའི་གདོང་དུ་འཛུམ་གྱིས་ཁེངས་ནས་དེ་ལྟར་བཤད།
དབུལ་སྐྱོར་འོད་ནུས་གློག་འདོན་ས་ཚིགས་བརྟན་བརླིང་ངང་འཁོར་བསྐྱོད་དང་རིག་ལྡན་ཅན་གྱི་དོ་དམ་འགན་སྲུང་བྱ་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་ཡིས་ནུས་ཁུངས་གསར་བའི་གཞི་གྲངས་ཆེན་མོ་ལྟེ་གནས་བརྒྱུད་དེ་ལག་རྩལ་གསར་གཏོད་བྱས་པ་དེས་འོད་ནུས་གློག་འདོན་ས་ཚིགས་ཀྱི་འཁོར་བསྐྱོད་ནུས་པ་མཐོ་རུ་བཏང་ཞིང་འཁོར་བསྐྱོད་མ་རྩ་ཇེ་ཉུང་དུ་བཏང་བ་མ་ཟད། འོད་ནུས་ཡོང་འབབ་འདང་ངེས་ཡིན་པ་དང་དུས་ཐོག་སྤྲོད་པར་འགན་སྲུང་བྱས།
ད་ལྟ། རྨ་ཆུའི་འབྱུང་ཡུལ་གྱི་རྨ་སྟོད་རྫོང་དུ་ཉི་འོད་ནི་འབྲོག་མི་ཚོའི་འཚོ་བ་ནང་ནི་རིན་པོ་ཆེ་ལྟ་བུར་གྱུར་ནས། ཁོ་ཚོ་བདེ་སྐྱིད་ཀྱི་འཚོ་བའི་ལམ་དུ་རྒྱུ་པའི་འོད་ཟེར་ལྟ་བུ་ཡང་གྱུར་ཡོད། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།