«བོད་ལྗོངས་ཀྱི་གླིང་སྒྲུང་རིག་གནས་རྟོག་ཞིབ»དཔེ་སྐྲུན་བྱས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་ཆར། དགེ་རྒན་ཆེན་མོ་རྒྱང་འཁོར་ཚེ་ཕུན་གྱིས་བརྩམས་གནང་བའི་གླིང་སྒྲུང་སྐོར་གྱི་དེབ་གསར་«བོད་ལྗོངས་ཀྱི་གླིང་སྒྲུང་རིག་གནས་རྟོག་ཞིབ»ཅེས་པ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་གནང་འདུག

དེབ་དེར་ཐོག་མར་བརྩམས་གནང་བའི་དགོས་པ་དང་། གླིང་སྒྲུང་རིག་གནས་དང་གླིང་སྒྲུང་རིག་གནས་ཤུལ་བཞག་ལ་སོགས་འབྲེལ་ཡོད་བརྡ་ཆད་གཙོ་བོ་འགའི་གསལ་འགྲེལ་དང་།  རྒྱུན་འཛིན་དང་གསར་གཏོད་དབར་གྱི་འབྲེལ་བ།  དེ་བཞིན་བོད་ལྗོངས་ཀྱི་གླིང་སྒྲུང་ལས་དོན་སྐོར་གྱི་ལག་ལེན་དང་འཚོལ་ཞིབ་བཅས་པ་མདོར་བསྡུས་ཀྱིས་གླེང་གནང་ཡོད་པ་དང་། དེ་རྗེས་གཙོ་དོན་གླིང་སྒྲུང་དང་འབྲེལ་བའི་གཟུགས་སུ་གྲུབ་པའི་ཤུལ་བཞག་རིག་གནས་དང་རིག་གནས་ཐོན་རྫས་གསར་པ། གླིང་བྲོའི་བྱུང་འཕེལ། སྒྲུང་པའི་ལེགས་སྐྱེས། སྲུང་སྐྱོབ་དང་འཕེལ་རྒྱས་ཐད་ཀྱི་དམིགས་བསལ་དཔེ་མཚོན། གླིང་སྒྲུང་ལས་དོན་གྱི་གལ་ཆེའི་དོན་སྙིང་དང་དགོས་གཏུགས་རང་བཞིན། སླད་ཕྱིན་བོད་ལྗོངས་ཀྱི་གླིང་སྒྲུང་ལས་དོན་སྤེལ་ཕྱོགས་ཐད་ཀྱི་རྩོམ་པ་པོའི་དགོངས་འཆར་བཅས་ཞིབ་པར་གླེང་གནང་ཡོད། དེ་ཡང་བོད་ལྗོངས་ཁུལ་གྱི་གླིང་སྒྲུང་དང་འབྲེལ་བའི་མི་ཡིས་བྱས་པའི་གཟུགས་སུ་གྲུབ་པའི་ལོ་རྒྱུས་རང་བཞིན་གྱི་ཤུལ་བཞག་རིག་གནས་དག་དབྱིབས་གཟུགས་ཀྱི་སྒོ་ནས་རྡོག་རྡོག་དང་། ལེབ་ལེབ། ནར་མོ་བཅས་གསུམ་སྟེ། མེས་པོའི་རྩོལ་བ་ལས་བྱུང་བའི་དངོས་པོ་རྡོག་པོ་གནས་དང་རྟེན་ལྟ་བུ་དང་། ལྡེབས་ལོགས་འཁོད་སྙོམས་སམ་རས་གཞི་འཁོད་སྙོམས་ཐོག་བྲིས་པའི་ལེབ་མོའི་རང་བཞིན་གྱི་ལྡེབས་རིས་དང་སྒྲུང་ཐང་། དཀྱུས་རིང་བའི་ཤོག་བུ་ནར་མོའི་ཐོག་བྲིས་པའི་དཔེ་རྙིང་སོགས་རིགས་གསུམ་ཙམ་དུ་དབྱེ་བ་དང་། དེ་དག་རེ་རེ་ལའང་མིག་སྔར་གནས་སྟངས་ཀྱི་སྒོ་ནས་མིང་གི་ལྷག་མར་གྱུར་བ་དང་། ད་ལྟ་མཇལ་རྒྱུ་ཡོད་པ་ཏེ་རིགས་གཉིས་སུ་བཀར་ནས་ཞིབ་ཕྲའི་གནས་སྟངས་ལོ་རྒྱུས་དང་བཅས་པ་རྒྱས་པར་སྤྲོས་ཡོད་པ་དང་། རྟེན་མཛོད་ཁང་མི་འདྲ་བ་དང་དགོན་སྡེ་མང་པོའི་ནང་བཞེངས་སྐྲུན་བྱས་པའི་གླིང་སྒྲུང་དང་འབྲེལ་བའི་ཐང་ག་དང་སྡེབས་རིས། སྐུ་འདྲ། སྒྲུང་ཞྭ། སྦ་ལྕག་སོགས་སྒྱུ་རྩལ་གྱི་རིན་ཐང་དང་། ལོ་རྒྱུས་ཀྱི་རིན་ཐང་། ཚན་རིག་གི་རིན་ཐང་ཇེ་ཆེར་འགྲོ་མུས་ཀྱི་ཐོན་རྫས་གསར་པ་གཙོ་བོ་འགའི་བྱུང་བ་དང་ཁྱད་ཆོས་བཅས་པ་མཚམས་སྦྱོར་གང་ལེགས་མཛད་ཡོད་པ། དེ་བཞིན་རོལ་དབྱངས་དང་ཞབས་བྲོ། རྩོམ་རིག་བཅས་ཕྱོགས་བསྡུས་རྣམ་པས་གླིང་སྒྲུང་གི་བརྗོད་བྱ་མཚོན་པར་བྱེད་པའི་སྒྱུ་རྩལ་ཏེ་གླིང་བྲོའི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས། འཕེལ་འགྱུར་གྱི་ཁྱད་ཆོས། མ་འོངས་པའི་མདུན་ལམ་སོགས་ཞིབ་རྒྱས་གླེང་གནང་ཡོད་པ། སྲོལ་རྒྱུན་སྤྱི་ཚོགས་ཁྲོད་དུ་གླིང་སྒྲུང་དག་སྒྲུང་པ་སྒེར་གྱིས་སྙན་བརྒྱུད་དམ་ངག་ལས་ངག་ཏུ་བརྒྱུད་ནས་རྒྱུན་འཛིན་ཁྱབ་སྤེལ་དང་། སྒྲུང་པའི་དྲན་ཤེས་ལ་བརྟེན་ནས་ཉར་འཛིན་གསོག་འཇོག་བྱ་རྒྱུ་གཙོ་བོར་བཟུང་ཡོད་པས། གླིང་སྒྲུང་དང་སྒྲུང་པའི་དབར་གྱི་འབྲེལ་བ་དང་། སྒྲུང་པའི་རིགས་ཀྱི་དབྱེ་བ། ཁྱད་པར་ཕྱིས་སུ་དམངས་ཁྲོད་སྒྲུང་པ་རྣམས་ཀྱིས་དུས་རབས་འཕེལ་རྒྱས་ཀྱི་བགྲོད་དང་བསྟུན་ནས་གླིང་སྒྲུང་ཁྱབ་སྤེལ་གྱི་རྣམ་པ་གསར་གཏོད་དང་། ལམ་བུ་རྒྱ་སྐྱེད། ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དེ་ལ་གསོན་ཤུགས་གསར་པ་སྦྱིན་ཏེ། ནོར་བུ་དེའི་ཤུགས་རྐྱེན་བཟང་པོ་རྒྱ་སྐྱེད་དང་འོད་སྟོང་ཇེ་ཆེར་འཕྲོ་རྒྱུར་དེང་རབས་སྒྲུང་པས་ནུས་པ་གང་ལེགས་འདོན་སྤེལ་གནང་དང་གནང་མུས་སུ་མཆིས་ཚུལ་དང་མུ་མཐུད་ནུས་པ་འདོན་སྤེལ་བྱེད་ཐབས་བཅས་རྒྱས་བཤད་མཛད་ཡོད་པ། མཇུག་ཏུ་བོད་ལྗོངས་ཀྱི་གླིང་སྒྲུང་ལས་དོན་གྱི་གལ་ཆེའི་དོན་སྙིང་དང་དགོས་གཏུགས་རང་བཞིན་ལ་དབྱེ་ཞིབ་དང་། མིག་སྔར་བོད་ལྗོངས་ཁུལ་དུ་དེ་ལྟའི་རིག་གནས་ཤུལ་བཞག་གི་སྔོག་འདོན་དང་། ཞིབ་འཇུག སྲུང་སྐྱོང་། བེད་སྤྱོད་བཅས་ཀྱི་ཐད་འཕྲེད་གཞུང་ཕྱོགས་གང་ནས་བལྟས་ཀྱང་ཞན་ཆའམ་མ་འདེང་ས་མང་ཙམ་ཡོད་ཚུལ་བསྟན་ནས། སླད་ཕྱིན་འཕྲེད་ཕྱོགས་ནས་བརྒྱ་ཐམ་པའི་མདུན་གྲལ་དུ་མ་སླེབས་ཀྱང་། སྟོང་ཐམ་པའི་རྒྱབ་གྲལ་དུ་མ་ལུས་པ་དང་། གཞུང་ཕྱོགས་ནས་ཁབ་ཤུལ་སྐུད་པས་མ་ཁེངས་ནའང་། ཁབ་མིག་སྟོང་པར་མ་ལུས་པ་བྱ་རྒྱུའིརེ་བ་དང་བོད་ལྗོངས་ཀྱི་གླིང་སྒྲུང་ལས་དོན་སྤེལ་ཕྱོགས་ཐད་རྩོམ་པ་པོའི་དགོངས་འཆར་ལྷུག་གླེང་མཛད་ཡོད། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།