ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི་“སློབ་གྲྭ་བརྒྱའི་ལས་གཞི”ཡི་སློབ་མའི་འཐུས་མིར་འཕྲིན་ལན་བསྐུར་ནས། ཁོ་ཚོར་རྒྱ་ཡིག་ཡག་པོ་སྦྱོང་བ་དང་ཀྲུང་གོར་རྒྱུས་ལོན་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་པའི་སྐུལ་ལྕག་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ངས་ཁྱེད་ཚོ་མི་རེ་རེའི་འཕྲིན་ཡིག་བཀླགས་པ་ཡིན། ཡིག་འབྲུ་རེ་རེ་དང་རི་མོ་རེ་རེ་ལས་ཚང་མས་ཀྲུང་གོའི་རིག་གནས་ལ་དགའ་ཞེན་དང་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་ལ་རེ་སྨོན་བྱེད་བཞིན་ཡོད་པ་ཚོར་བྱུང་། ལོ་ལྔའི་སྔོན་ལ། ང་དང་ཙུང་ཐུང་མུའུ་ཧན་མོ་ཏི་གཉིས་ཀྱིས་མཉམ་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་ལས་གཞི”ལག་བསྟར་བྱེད་འགོ་བརྩམས་ལ། ད་ལྟ“ རྒྱ་ཡིག་སློབ་སྦྱོང”བྱེད་པ་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་པ་མཐོང་བྱུང་ལ། ཁྱོད་ཚོ་དང་འདྲ་བའི་ཀྲུང་གོ་དང་ཨ་རབ་བར་གྱི་བརྗེ་རེས་ཕོ་ཉ་ཆུང་ཆུང་སྐོར་ཞིག་སྐྱེད་སྲིང་བྱས་ཡོད་པས་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོས་འཕྲིན་ཡིག་ནང་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར“ལག་གདང་སྦྲེལ་ནས”ལོ40འགོར་ཞིང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཇི་སྲིད་བར་དུ་གྲོགས་པོ་བཟང་པོ་ཡིན་པ་དང་། ཀྲུང་གོའི་མི་དམངས་ཀྱིས་ཀྱང་དེ་དང་འདྲ་བའི་རེ་སྨོན་བཅངས་ཡོད་ཅེས་བྲིས་ཡོད་ལ། ན་གཞོན་ལོ་ཆུང་གིས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་མ་འོངས་པ་མཚོན་བཞིན་ཡོད། ཁྱེད་ཚོ་ཀྲུང་གོར་ཡོང་ནས་དོམ་ཁྲར་ལྟ་བ་དང་ལྕགས་རི་རིང་པོར་འགོ་བ། ནར་སོན་རྗེས་ཀྲུང་གོར་སློབ་ཆེན་འགྲིམ་དུ་ཡོང་བར་དགའ་བསུ་ཞུས་པ་ཡིན་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ན་གཞོན་ལོ་ཆུང་སྔར་ལས་མང་པོས་རྒྱ་ཡིག་སྦྱོང་བ་དང་ཀྲུང་གོར་རྒྱུས་ལོན་བྱེད་པར་ཡང་དགའ་བསུ་ཞུས་བ་ཡིན། ཁྱེད་ཚོས་ཀྲུང་གོའི་ན་གཞོན་ལོ་ཆུང་དང་བསམ་བློ་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ། མཛའ་བརྩེའི་ས་བོན་དེ་སེམས་གཏིང་དུ་སིམ་པར་བྱས་ནས། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་འབྲེལ་བའི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་བ་བཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
2019ལོའི་ཟླ7པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐབས་དེའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏིའི་དཔང་པོའི་འོག ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་གཉིས་པོས་པེ་ཅིན་དུ་བརྗེད་ཐོར་མིང་རྟགས་བཀོད་དེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད“སློབ་གྲྭ་བརྒྱའི་ལས་གཞི”དངོས་སུ་ལག་བསྟར་བྱེད་འགོ་བརྩམས། མིག་སྔའི་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སློབ་གྲྭ171གིས་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་པ་དང་། སློབ་མ་ཁྲི་བདུན་དང་སྟོང་གཅིག་གིས་རྒྱ་ཡིག་སློབ་སྦྱོང་བྱེད་བཞིན་ཡོད། ཉེ་ལམ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི“སློབ་གྲྭ་བརྒྱའི་ལས་གཞི”ཡི་དཔེ་སྟོན་སློབ་གྲྭའི་ཧྭ་མུའུ་ཏན་སློབ་གྲྭ་དང་ཡ་སི་སློབ་གྲྭའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཐུས་མི40ཡིས་སོ་སོར་རྒྱ་ཡིག་གི་ལམ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོའི་རིག་གནས་ལ་ཡིད་སྨོན་དང་དགའ་ཞེན་བྱེད་པ་མཚོན་པ་དང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་མཛའ་མཐུན་ཕོ་ཉ་བྱེད་པའི་སེམས་ཐག་བཅད་ཡོད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།