མཚོ་སྔོན་གྱིས་བ་ཚྭ་ཆེ་སར་གྲོ་མ་འདེབས་ཆོག་པའི་རྒྱལ་ནང་གི་སྔར་མེད་གྲུབ་འབྲས་ཆེན་པོ་ཞིག་བླངས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

      རང་རྒྱལ་གྱིས་བ་ཚྭ་ཆེ་སར་གྲོ་མ་བཏབས་པ་ཐོག་མར་ལེགས་འགྲུབ་བྱུང་། ཉེ་ལམ་གསར་འགོད་པས་མཚོ་སྔོན་མི་རིགས་སློབ་ཆེན་མཚོ་བོད་མཐོ་སྒང་གྲོ་མའི་ཐོན་ལས་ཞིབ་འཇུག་གླིང་ནས་རྒྱུས་ལོན་པ་ལྟར་ན།  ཞིབ་འཇུག་གླིང་དེས་གྲོ་མའི་སོན་རྒྱུ་སྤེལ་བའི་ཐོན་ཁུངས68ཡི་ནང་དུ་ས་མཐོའི་གྲང་ངར་དང་བ་ཚྭ་ཐུབ་པའི་གྲོ་མའི་ཐོན་ཁོངས63བདམས་ཏེ།  མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བ་ཚྭ་ཆེ་སར་བཏབས་ཤིང་།  ད་ལྟ་བཏབས་པའི་གནས་ཚུལ་ལ་གཞིགས་ན།  གྲོ་མའི་གསོན་ཚད92%ཡན་ལ་བསླེབས་ཤིང་། སྐྱེས་ཚུལ་ལེགས་པས་བ་ཚྭ་ཆེ་སར་གྲོ་མ་ཚོད་ལྟའི་ཚུལ་དུ་བཏབས་པར་ལེགས་འགྲུབ་ཆེན་པོ་བྱུང་བ་མཚོན།

གྲོ་མ་ནི་མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་འཚོ་བཅུད་འཛོམས་པའི་སྐྱེ་དངོས་ཐོན་ཁུངས་ཤིག་ཡིན།  2009ལོར་རང་རྒྱལ་གྱི་མིས་བཏབས་པའི་གྲོ་མའི་རིགས་ཏེ་མཚོ་སྔོན་གྱི་གྲོ་མ1པོར་ཞིབ་བཤེར་བརྒྱུད་གཏན་འབེབས་བྱས་པས། རི་སྐྱེས་གྲོ་མ་རྐོ་བའི་ལོ་རྒྱུས་མཇུག་སྒྲིལ་ནས་གྲོ་མ་ཐོན་ལས་ཅན་དུ་བསྒྱུར་བར་རྨང་གཞི་བརྟན་པོ་བཏིངས་པ་མ་ཟད། གྲོ་མ་འདེབས་ཆོག་པའི་དཔེ་བཏོད།  2015ལོར་མཚོ་སྔོན་གྱི་གྲོ་མ2པ་དང་3པ་སྟེ་གྲོ་མའི་རིགས་གསར་པ་གཉིས་སྔ་རྗེས་སུ་བྱུང་བ་དང་། དེ་ནི་རང་རྒྱལ་ལ་མ་གཏོགས་གཞན་ན་མེད་པའི་གྲོ་མའི་རིགས་གསར་པ3ཡིན་པས།  གྲོ་མ་ཐོན་ལས་ཅན་དུ་བསྒྱུར་བའི་འཕེལ་རྒྱས་ལ་མ་བཅོས་རྒྱུ་ཆ་འདིང་ངེ་མཁོ་འདོན་བྱས། གཞི་གྲངས་ལྟར་ན།  དཔྱད་ཞིབ་གཏན་འབེབས་བརྒྱུད་པའི་གྲོ་མའི་རིགས་གསར་པ3པོ་དེ་ལོ་ངོ9ཡི་རིང་ལ་སྔ་གཞུག་ཏུ་ས་མུའུ་རྒྱ་ཁྱོན་ཁྲི19ལ་བཏབས་ནས་ཁྱབ་གདལ་བཏང་ཞིང་། ཐོན་སྐྱེད་བྱས་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར30བསླེབས་ཡོད་པས། སྤྱི་ཚོགས་དང་དཔལ་འབྱོར། སྐྱེ་ཁམས་བཅས་གསུམ་གྱི་ཐད་ལ་ཕན་འབྲས་བཟང་པོ་བླངས།

བ་ཚྭ་ཅན་གྱི་ས་ཞིང་དུ་བཏབས་པའི་གྲོ་མའི་ས་བོན་གྱི་སྐྱེས་ཚུལ་ལེགས་པ། 

བ་ཚྭ་ཅན་གྱི་ས་ནི་འབྲུ་རིགས་ཐོན་འབོར་གྱི“མི་མངོན་འབྲུ་མཛོད”ཡིན། ད་སྔ་བ་ཚྭ་ཅན་གྱི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་རེད།ཉེ་བའི་ལོ་རིང་ལ།  འབྲེལ་ཡོད་ཁྱབ་ཁོངས་དང་ལས་རིགས་ཀྱི་ཆེད་མཁས་པས་ཚྭ་འདམ་གཞོང་གི་བ་ཚྭ་ཆེ་སར་སྐྱེ་དངོས་ཚོད་ལྟའི་ཚུལ་དུ་བཏབས་ནས་ཞིབ་འཇུག་བྱས་ཡོད་དེ། དཔེར་ན།  “ཆུ་འབྲས”དང་ནས།  འབྲས་སོགས་ལྟ་བུའི་འབྲུ་རིགས་བཏབས་མོད།  དགུན་གྱི་ལྷགས་པ་དང་བ་ཚྭ་མི་ཐུབ་པས། ས་བོན་བཏབས་ཀྱང་སྐྱེ་མི་ཐུབ་ཅིང་། སྐྱེས་ཀྱང་སྙེ་མ་སོགས་འབྲས་བུ་འབྱུང་མི་ཐུབ་པ་སོགས་ཀྱི་དབང་གིས་འདེབས་མཚམས་བཞག  དེ་ནས་གྲོ་མའི་ཁེ་བཟང་འབོར་ཆེན་རག་ཆེད།  ཉེ་བའི་ལོ་རིང་ལ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་མདོ་དབུས་མཐོ་སྒང་གི་གྲོ་མའི་ཐོན་ལས་ཞིབ་འཇུག་གླིང་གི་གླིང་གཙོ་ལི་ཅུན་ཆའོ་དང་མོའི་དཔུང་སྡེ་ཡིས་ཚྭ་འདམ་གཞོང་གི་བ་ཚྭའི་ས་དེར་དམིགས་ཏེ།  བ་ཚྭའི་ས་ཕྱོགས་བསྡུས་བེད་སྤྱོད་དང་ལེགས་བསྒྱུར་མཐོར་འདེགས་སྐུལ་འདེད་བཏང་བ་བརྒྱུད་བ་ཚྭའི་ས་དེ་གྲོ་མའི་གཤིན་ས་ལེགས་ཤོས་སུ་གྱུར།

ལི་ཅུན་ཆའོ་ཡིས་འདི་སྐད།  ཐེངས་འདིར་བདམས་པའི་གྲོ་མའི་ཐོན་ཁུངས་ཀྱི་རིགས་དེ་བ་ཚྭ་ཆེ་སར་བཏབས་ནས་ཟླ་བ་ལྔ་འགོར་རྗེས་ཀྱི་གཞི་གྲངས་ཁག་གི་གནས་ཚུལ་ལ་བལྟས་ན། གྲོ་མས་བ་ཚྭ་ཅན་གྱི་ས་རྒྱུ་ལེགས་བསྒྱུར་ལ་ཕན་འབྲས་མངོན་གསལ་ཐོན་ཡོད་དེ།  བ་ཚྭ་འདུས་ཚད1.56%ཡིན་པའི་ས་རྒྱུའི་ནང་བཏབས་པའི་གྲོ་མ་ཡི་ས་རྒྱུའི་བ་ཚྭ་འདུས་ཚད་ཇེ་ཉུང་དུ་ཕྱིན་པ་མངོན་གསལ་རེད།  གྲོ་མའི་རྩད་འདབ་དང་དེའི་ཟགས་རྫས་དང་རྩ་བར་གནས་པའི་སྐྱེ་དངོས་ཕྲ་རིགས་ལ་བ་ཚྭའི་ས་རྒྱུ་ལེགས་སྒྱུར་གྱི་ནུས་པ་ལྡན་པས།   སྐྱེ་ལྡན་རྫས་ཀྱི་འདུས་ཚད་ཇེ་མཐོ་དང་ས་རྒྱུ་དང་དེའི་བ་ཚྭའི་འདུས་ཚད་ཇེ་ཉུང་དུ་ཕྱིན་ནས་ས་རྒྱུ་ལེགས་བསྒྱུར་གྱི་ཕན་འབྲས་མངོན་གསལ་ཡིན་པ་མ་ཟད།  གྲོ་མ་དང་འབྲུ་རིགས་ཀྱི་ས་ཞིང་རྩོད་པའི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།  

རྩོམ་སྒྲིག་པ། ཁོན་ཐར་འཚོ།