ཞི་ཅིན་ཕིང་གིས་ཀྲུང་ཨའི་ཡུལ་སྐོར་གླེང་མོལ་འདིར་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་22ཉིན་སྐབས་14པའི་ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་མཐོ་རིམ་གླེང་མོལ་འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་45འཁོར་བའི་ལོ་ཡིན། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རྨང་གཞི་ནི་མི་དམངས་ཀྱིས་བཏིང་བ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྒོ་མོ་ནི་མི་དམངས་ཀྱིས་ཕྱེ་བ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གཏམ་རྒྱུད་ནི་མི་དམངས་ཀྱིས་བྲིས་པ་བཅས་ཡིན་ཞིང་། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འབྱུང་འགྱུར་ཡང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཐུན་མོང་ཐོག་གསར་སྐྲུན་བྱེད་ངེས་རེད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཡུལ་སྐོར་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་འགྲོ་འོང་སྤེལ་རེས་དང་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་ཐག་ཉེ་རུ་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་རེད། ང་ཚོས་ཨ་རིའི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་དུ་ཡོང་ནས་ཀྲུང་གོའི་གྲོགས་པོ་ངོ་ཤེས་པ་དང་། ཀྲུང་ཧྭའི་རིག་གནས་ཉམས་ལེན་བྱེད་པ། མཛེས་སྡུག་ལྡན་པའི་རི་ཆུར་ལྟ་བ་བཅས་ཀྱི་ཐོག་ནས། དོན་དངོས་ཀྱི་ཀྲུང་གོ་ཞིག་དངོས་སུ་མྱོང་ཚོར་ཐུབ་པ་བྱ་རྒྱུར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གིས་ད་ཐེངས་ཀྱི་མཐོ་རིམ་གླེང་མོལ་གོ་སྐབས་སུ་བྱས་ནས་སྤེལ་རེས་གཏིང་ཟབ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱས་ཏེ། ཡུལ་སྐོར་མཉམ་ལས་ལ་བརྟེན་ནས་མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་ལ་བརྟེན་ནས་ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་རྒྱུན་མཐུད་ནས། “ཅིའུ་ཅིན་ཧྲན་གྱི་འདུན་པ”དེ་དོན་དངོས་སུ་འགྱུར་ཆེད་མཐུན་རྐྱེན་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད། 

སྐབས་14པའི་ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་མཐོ་རིམ་གླེང་མོལ་དེ་ཚེས་22ཉིན་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། བརྗོད་བྱ་གཙོ་བོ་ནི“ཡུལ་སྐོར་གྱིས་ཀྲུང་གོ་དང་ཨ་རིའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ”ཞེས་པ་དེ་ཡིན་ཞིང་། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་དང་། ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་། ཨ་རིའི་ཚོང་དོན་པུའུ། ཨ་རིའི་ཡུལ་སྐོར་ཁྱབ་གདལ་ཅུས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།