མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5ཚེས22ཉིན། གསར་འགོད་པས《མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས(2023ལོ)》ཡི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཁུལ་གྱིས་ལོ་ལྔའི་ནང་སྔ་གཞུག་ཏུ་སྐྱེ་ཁམས་ཕྱོགས་བསྡུས་ས་ཚིགས4དང་། གཞི་རྩའི་གནམ་གཤིས་ས་ཚིགས7། འཁྱགས་ཁུལ་ལྟ་ཞིབ་ཚད་ལེན་བྱེད་ས6བཅས་བཙུགས་པ་དང་། མངའ་ཁོངས་ནང་གི་ལྟ་ཞིབ་ཚད་ལེན་ས་ཚིགས13ལེགས་སྒྲིག་བྱས་ནས་རྨང་གཞི་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་བཀོད་འཐུས་ཚང་དུ་བཏང་བས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་དགོས་མཁོ་གཞི་རྩའི་ཐོག་བསྐངས།
སླད་ཕྱིན། ཞིང་ཆེན་ནགས་རྩྭ་ཅུས་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་བཅས་ཀྱིས་མུ་མཐུད་དུ་མཉམ་ལས་གཏིང་ཟབ་བྱས་ཏེ། 《སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས》ཀྱི་གྲུབ་འབྲས་བཀོལ་སྤྱོད་གང་ལེགས་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཇེ་མཐོར་གཏང་རྒྱུ འབྲེལ་ཡོད་ཚན་ཞིབ་ལས་ཁུངས་དང་། ལས་རིགས་སྡེ་ཚན་བར་མཉམ་འབྲེལ་བྱས་ཏེ། “རི་ཆུ་ནགས་ཞིང་མཚོ་མོ་རྩྭ་ཐང་བྱེ་ཀླུང་འཁྱགས་ས”བཅས་ཕྱོགས་ཡོངས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་མ་ལག་གཅིག་གྱུར་ཐོག་འཛུགས་པ་དང་། ཀུན་གྱི་སྔོན་ལ“བཀོད་སྒྲིག་ལུགས་མཐུན་དང་། བྱེད་ནུས་ཆ་ཚང་། དོ་དམ་ཚད་ལྡན། འཁོར་སྐྱོད་ཕན་ལྡན། རྒྱལ་སྤྱིའི་ཤུགས་རྐྱེན་ཆེ་བའི”མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་རིམ་བརྒལ་ས་ཚིགས་ཇུས་འགོད་བྱས་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་དུ་ཚན་རིག་ཅན་དང་། ཞིབ་ཚགས་ཅན། གནད་འཁེལ་ཅན་དུ་བསྒྱུར་བར་ཚན་རིག་གིས་འདེགས་སྐྱོར་བྱ་རྒྱུ། སྐྱེ་ཁམས་མ་ལག་གི་གཉུག་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོབ་ཀྱི་དགོས་མཁོ་གཙོར་བཟུང་སྟེ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་གྲུབ་ཆར་ལྟ་སྐུལ་ཚད་ལེན་དང་། སྤུས་ཚད་དཔྱད་དཔོག སྐྱེ་ཁམས་སླར་གསོ་ལ་སོགས་ཕྱོགས་སུ་ཚན་རྩལ་གསར་གཏོད་དང་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས་ཚན་ཞིབ་ལྟ་སྐུལ་ཚད་ལེན་མ་ལག་འཐུས་ཚང་དུ་གཏང་རྒྱུ། ནགས་ས་དང་རྩྭ་ས། བརླན་ས། བྱེ་ཁུལ་སོགས་དཔེ་མཚོན་ཅན་གྱི་སྐྱེ་ཁམས་མ་ལག་ལ་དམིགས་ཏེ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་ཡི་གནད་འགག་གི་ལག་རྩལ་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དཔྱད་དཔག་གི་ནུས་པ་ཇེ་དྲག་དང་རྒྱལ་ཁབ་སྤྱི་གླིང་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ཚད་ལྡན་དུ་གཏང་བར་སྐུལ་འདེད་གཏང་རྒྱུ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།