ཀྲུང་ཧྭ་མི་རིགས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་སྤྱོད་བཟང་སྔར་ལས་དར་སྤེལ་བཏང་སྟེ།སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་དང་སེམས་ཁུར་བྱེད་པའི་རྣམ་པ་བཟང་པོ་བཏོད་པ་དང་།དབང་པོ་སྐྱོན་ཅན་གྱི་རང་རྟོན་དང་རང་འབད་ཀྱི་དད་སེམས་ཇེ་ཆེར་གཏོང་ཆེད། ཉེ་ཆར།རྫོང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“ཚན་རྩལ་གྱིས་དབང་པོ་སྐྱོན་ཅན་ལ་རོགས་རམ་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད་པ”བརྗོད་བྱ་གཙོ་བོར་བྱས་པའི“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་རོགས་རམ་ཉིན་མོའི”གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་རྫོང་མཐུན་སྒྲིལ་ཐང་ཆེན་དུ་སྤེལ།
བྱེད་སྒོ་སྤེལ་ཡུལ་དུ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་དང་།འཕེལ་སྒྱུར་ཅུའུ།གྲོང་གསེབ་དར་རྒྱས་ཅུའུ་སོགས་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱི་ཁོངས་མིའི་ཚན་པ30ལྷག་གིས་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་།དྲིལ་བསྒྲགས་དཔྱད་ཡིག་བྱིན་པ།བློ་འདྲི་སྟེགས་བུ་བཙུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད《དབང་པོ་སྐྱོན་ཅན་འགན་སྲུང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང《དབང་པོ་སྐྱོན་ཅན་འགན་སྲུང་སྐོར་གྱི་སྲོལ་ཡིག》དེ་བཞིན་དམངས་དོན་ཁྲིམས་གཞུང་ནང་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བའི་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་དབང་པོ་སྐྱོན་ཅན་ལ་དོ་ཁུར་དང་གཅེས་སྐྱོང་བྱ་རྒྱུའི་རེ་འབོད་བྱས།བྱེད་སྒོའི་ཁྲོད་དབང་པོ་སྐྱོན་ཅན་གྱི་དགོས་མཁོ་ལྟར་ཉན་རོགས་ཡོ་བྱད་དང་།ལོང་བའི་དཔེ་དེབ་ཉན་ཆས་སོགས་རམ་འདེགས་ཡོ་བྱད25བྱིན་པ་དང་།དབང་པོ་སྐྱོན་ཅན་ལ་ཕན་པའི་དྲིལ་བསྒྲགས་ཡོ་བྱད450ལྷག་བྱིན།བདེ་ཐང་སླར་གསོའི་ལས་དོན་མི་སྣས་ཡུལ་དངོས་ཀྱི་དབང་པོ་སྐྱོན་ཅན་ལ་རྐང་ལག་འཕུར་མནོན་དང་བདེ་ཐང་སླར་གསོའི་ཤེས་བྱ་སྒྲོག་འགྲེལ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས།
ཐེངས་འདིའི་བྱེད་སྒོས་དབང་པོ་སྐྱོན་ཅན་མང་ཚོགས་ཀྱིས་བདེ་ཐང་སླར་གསོའི་ཞབས་ཞུ་སྔར་ལས་ཤེས་རྟོགས་ཕྱིན་ཏེ།དབང་པོ་སྐྱོན་ཅན་མང་ཚོགས་ལ་སྤྱི་ཚོགས་ཀྱི་དྲོད་སྐྱིད་ཚོར་ཐུབ་པ་མ་ཟད།དབང་པོ་སྐྱོན་ཅན་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཡང་ཚོར་ཐུབ་པ་བྱུང་ནས་ཚང་མས་དབང་པོ་སྐྱོན་ཅན་ལ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ནས་མཛའ་མཐུན་དང་།རོགས་རེས།ཡར་རྒྱས་ཀྱི་བཟང་ནུས་ཁྱབ་སྤེལ་བཏང་།རིམ་པ་རྗེས་མར་རྫོང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱིས་མུ་མཐུད་དབང་པོ་སྐྱོན་ཅན་གྱི་དགོས་མཁོ་དངོས་ལ་དམིགས་ཏེ།དབང་པོ་སྐྱོན་ཅན་གྱི་བྱེད་སྒོའི་ནང་དོན་དང་རྣམ་པ་སྔར་ལས་ཞིབ་ཚགས་དང་གཏིང་ཟབ་ཏུ་གཏོང་བ།དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་ཇེ་ཆེར་གཏོང་བ།བྱ་ཐབས་སྣ་ཚོགས་བརྒྱུད་ཚང་མས་དབང་པོ་སྐྱོན་ཅན་བྱ་གཞག་གི་གལ་ཆེའི་རང་བཞིན་དང་དོན་སྙིང་ཤེས་རྟོགས་ཐུབ་པར་འབད་བརྩོན་བྱ་རྒྱུ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།