མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་ནས་ཤེས་གསལ་ལྟར་ན། རང་ཞིང་གི་མཐོ་སྒང་དུ་གནས་པའི་བྱ་སྲེག་པའི་རིགས་ཀྱི་གྲངས་འབོར་དང་ཁྱབ་ཚུལ། གནས་སྟངས་ལ་དཔྱད་དཔག་ཡང་དག་བྱེད་ཆེད། ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་ཡུལ་ཤུལ་གྲོང་ཁྱེར་ནགས་རྩྭ་ཅུས་དང་པེ་ཅིང་ནགས་ལས་སློབ་ཆེན་མཐོ་སྒང་སྲེག་པའི་རིགས་ཞིང་འཇུག་དཔུང་སྡེ་སྒྲིག་འཛུགས་བྱས་ཏེ། རང་ཞིང་གི་ཁོངས་སུ་སྲེག་པ་གྲེ་སེར་དང་དེ་བྱ་དཀར་པོའི་གྲངས་འབོར་དང་ཁྱབ་ཚུལ། གནས་སྟངས་བཅད་ལ་ཆེད་དུ་བརྟག་དཔྱད་བྱེད་མགོ་བརྩམས།
རང་རྒྱལ་ནི་འཛམ་གླིང་སྟེང་བྱ་སྲེག་པའི་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་ བྱ་སྲེག་པའི་རིགས64ཡོད། དེ་ལས་རང་ཞིང་དུ་རིགས17ཡོད་པ་དང་། ཀྲུང་གོར་མ་གཏོགས་མེད་པའི་རིགས8བཅས་ཡོད། བྱ་སྲེག་པ་རིགས་ནི་རི་ནགས་ཁྲོད་དུ་གནས་པའི་བྱ་རིགས་ཆེ་འབྲིང་རིགས་ཡིན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པ་མ་ཟད། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་འཇལ་བྱེད་ཀྱི་སྲོག་ཆགས་རིགས་གལ་ཆེན་ཞིག་ཀྱང་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བརྟག་དཔྱད་ཁྲོད་སྲེག་པ་གྲེ་སེར་དང་དེ་བྱ་དཀར་པོ་གནས་སའི་ཁོར་ཡུག་གཙོ་བོ་ས་བབ་བར་མའི་རི་ལུང་ནགས་ཚལ་ན་ཡོད་ཅིང་། གཙོ་བོ་ཡུལ་ཤུལ་དང་མགོ་ལོག་ཁུལ་གཉིས་ཀྱི་ནགས་ཁྲོད་དུ་བརྟག་དཔྱད་བྱས་པ་ཡིན་ལ། དུས་ཡུན་ཉིན180ལ་ལེ་དབར11000བསྐྱོད་དེ་བརྟག་དཔྱད་བྱས་པ་དང་། ལམ་ཐིག23དུ་ཡང་དུ་བསྐྱརདུ་བརྟག་དཔྱད་བྱས།
བརྟག་དཔྱད་བྱས་འབྲས་སུ། བྱ་སྲེག་པ་དེ་གཙོ་བོ་རང་ཞིང་གི་ཡུལ་ཤུལ་ཁུལ་གྱི་ལྷོ་རྒྱུད་ཡུལ་ཤུལ་གྲོང་ཁྱེར་དང་། ནང་ཆེན་རྫོང་། རྫ་སྟོད་རྫོང་དུ་ཡོད་ཅིང་། གནས་སའི་ས་རྒྱ་སྟོང་སྨི་གྲུ་བཞི3826ཡོད་པ་དང་། རིགས་ཀྱི་གྲངས་འབོར་ཧ་ལམ1544ཙམ་ལ་བསླེབས། བྱ་ཚང་གི་རྒྱ་ཁྱོན་སྟོང་མི་གྲུ་བཞི་མ0.96±0.73ཙམ་དང་བྱ་ཕྲུག་གི་ཚང་སྟོང་སྨི་གྲུ་བཞི་མ0.29རེད། ལོ་འགུལ་སྐྱོད་ལ་འགྱུར་ལྡོག་མངོན་གསལ་མེད། དཔྱིད་ཀ་དང་དབྱར་དུས་སུ་ས་བབ་སྨི4200ཡན་གྱི་གསོམ་ཤིང་གི་ནགས་ན་ཡོད་པ་དང་། དགུན་ཁ་དང་སྟོན་དུས་སུ་ས་བབ་སྨི3800ཡས་མས་ཀྱི་རྩི་ཤིང་དང་ཆབ་ཆུ་འབབ་པའི་ལུང་ཁུལ་དུ་གནས། དེ་བྱ་དཀར་པོ་གཙོ་བོ་ཡུལ་ཤུལ་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར་དང་། ནང་ཆེན་རྫོང་། རྫ་སྟོད་རྫོང་། མགོ་ལོག་ཁུལ་གྱི་པདྨ་མ་རྫོང་སུ་ཡོད་ཅིང་། རྒྱ་ཁྱོན་ས་བབ་སྟོང་སྨི་གྲུ་བཞི་མ4514རུ་འཚོ་ཞིང་། རིགས་ཀྱི་གྲངས་ལ་ཧ་ལམ་ཁྲི1.94ཡོད་པ་རེད། བྱ་ཚང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1.47±0.99ཡོད་པ་དང་། བྱ་ཕྲུག་གི་ཚང་ལ་སྟོང་སྨི་གྲུ་བཞི་མ0.18ཡོད་པ་རེད། ཉིན་རེའི་འགུལ་སྐྱོད་མངོན་གསལ་ཡིན་པ་སྟེ། དགོང་མོར་ས་བབ་ཅུང་མཐོ་བའི་གསོམ་སྡོང་མང་པོའི་ནགས་སུ་གནས། ཞོགས་པའི་ཉི་ཟེར་མ་བརྒྱབ་གོང་རིམ་བཞིན་ས་བབ་དམའ་སར་བབ་ནས་འགུལ་སྐྱོད་བྱེད། ཉི་མ་ནུབ་རྗེས་ཕྱིར་ས་བབ་མཐོ་སར་འགྲོ་བ་རེད། ལོའི་འགུལ་སྐྱོད་ཀྱི་ཕྱོགས་ནས་དགུན་དུས་གཙོ་བོ་ས་བབ་ཅུང་དམའ་སར་འབབ་པ་དང་། དཔྱིད་ཀ་དང་དབྱར་དུས་དྲོད་རྒྱས་པ་དང་བསྟུན་ནས་བྱ་ཕྲུག་བཙའ་བའི་དུས་ལ་བསླེབ་རྗེས་ས་བབ་ཅུང་མཐོ་སར་འགྲོ་བ་རེད། ཟླ9བའི་རྗེས་སུ་བྱ་ཕྲུག་བཙས་རྗེས་ནམ་ཟླ་ཇེ་འཁྱགས་སུ་ཕྱིན་པ་བསྟུན་ནས་ཡང་བསྐྱར་ས་བབ་ཅུང་དམའ་སར་འབབ་པ་རེད།ཐེངས་འདིར་རང་ཞིང་གི་ཁོངས་སུ་གནས་པའི་བྱ་སྲེག་པ་དང་དེ་བྱ་དཀར་པོའི་རིགས་ཁྱུ་གནས་སར་ཕྱོགས་ཡོངས་སུ་བརྟག་དཔྱད་དཔྱད་དཔོག་བརྒྱུད། ཡུལ་ཤུལ་ཁུལ་ནི་རང་ཞིང་གི་བྱ་སྲེག་པ་དང་དེ་བྱ་དཀར་པོ་གནས་སའི་ས་ཁོངས་གཙོ་བོར་གཏན་འཁེལ་བྱས་པར་མ་ཟད། རང་ཞིང་གི་དེ་བྱ་དཀར་པོ་དང་དེ་སྐྱ་རིགས་ཁྱབ་སའི་ས་ཁོངས་ཟིན་བྲིས་ཞིབ་ཕྲ་བཏབས་པ་དང་། སྔོན་ཆད་ཀྱི་ཡིག་ཚགས་སུ་བཀོད་པའི་ཡུལ་ཤུལ་ཁུལ་གྱི་དེ་བྱ་རིགས་ཁྱབ་ཚུལ་ལ་བཟོ་བཅོས་བརྒྱབ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།