འབའ་རྫོང་གིས་རིས་སྒྲུང་དེབ་གསར་དཔེ་ཚོགས་ཀྱི་འགྲེམ་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

བྱིས་པའི་དཔེ་ཀློག་རིག་གནས་སྔར་བས་ཁྱབ་གདལ་བཏང་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཐུན་ཏེ་རྫོང་དཔེ་མཛོད་ཁང་དང་ཐུན་ཏེ་རྫོང་སྔོན་འགྲོ་སློབ་གསོ་གཞུང་ལས་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རྨི་ལམ་རིས་སུ་ཕབ་ནས་སེམས་ཀྱི་སྐར་ཁུང་ཕྱེ་ཞེས་པའི་རིས་སྒྲུང་དེབ་གསར་འགྲེམ་སྤེལ་ཚོགས་འདུ་ཐུན་ཏེ་རྫོང་དཔེ་མཛོད་ཁང་དུ་བསྡུས།

ཐེངས་འདིའི་རིས་སྒྲུང་དཔེ་ཚོགས་འགྲེམ་སྤེལ་ཚོགས་འདུའི་སྟེང་རྩོམ་པ་པོ་དང་རི་མོ་བ་ཚེ་རིང་དོན་གྲུབ་གྱི་རིས་སྒྲུང་སྟེ། དབྱར་རྩྭ་དགུན་འབུ་དང་སྟག་གིས་སྦལ་བ་ཟོས་པ་ཞེས་པ་དང་། རྩོམ་པ་པོ་ལྕགས་བྱམས་སྒྲོལ་མས་གཏམ་རྒྱུད་བྲིས་ཤིང་། རི་མོ་བ་འཕགས་པ་སྐྱབས་ཀྱིས་རི་མོར་ཕབ་པའི་ཇོ་རུའི་རིས་སྒྲུང་དཔེ་ཚོགས་ཏེ།  ཨ་མཚར་རོ་དང་ནུ་སོ་རྐུབ་རིལ། རྩྭ་གསེབ་གྱི་ཅ་ཅོ། དྲེད་ཕྲུག་གིས་དགུན་ལྭ་འཚོལ་བ་ཞེས་པའི་དཔེ་ཚོགས་འགྲེམ་སྤེལ་བྱས་ཤིང་། རྩོམ་པ་པོ་གཉིས་ཀྱིས་རང་ཉིད་ཀྱི་རི་མོའི་གསར་རྩོམ་བརྒྱུད་རིམ་ངོ་སྤྲོད་དང་འཚོ་བའི་ཁྲོད་ཀྱི་འཆར་སྣང་ཕྲན་བུ་དེ་རི་མོའི་དེབ་ནང་གི་གཏམ་རྒྱུད་དུ་ཇི་ལྟར་བྲིས་པའི་སྐོར་མཉམ་སྤྱོད་བྱས་ཏེ། རི་མོའི་དེབ་གསར་རྩོམ་བྱེད་སྐབས་ཕྲུ་གུའི་འཚོ་བ་དང་ཉེ་བར་བཅར་ནས་ཁོ་ཚོར་མཛེས་སྡུག་ཤེས་རྟོགས་དང་བརྩེ་དུང་ཤེས་ཚོར་ཁྲིད་སྟོན་བྱེད་དགོས་པའི་བསམ་ཚུལ་བརྗོད།

ཐེངས་འདིའི་བརྩམས་ཆོས་གསར་པ་དང་རིས་སྒྲུང་དཔེ་ཚོགས་འགྲེམ་སྤེལ་ཚོགས་འདུ་འཚོགས་པ་དེས་ཐུན་ཏེ་རྫོང་གི་བྱིས་པའི་སློབ་གསོའི་གྲུབ་འབྲས་མངོན་པ་མ་ཟད། མི་དེ་བས་མང་པོས་བྱིས་པའི་སློབ་གསོར་དོ་ཁུར་བྱེད་རྒྱུར་སྐུལ་མ་ཐེབས་ཡོད། གོམ་སྟབས་རྗེས་མར། ཐུན་ཏེ་རྫོང་དཔེ་མཛོད་ཁང་དང་སྔོན་འགྲོའི་སློབ་གསོའི་གཞུང་དོན་ཁང་གིས་མཉམ་ལས་བསྟུད་མར་ཇེ་ཟབ་དང་། རི་མོའི་ཐོན་ཁུངས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། བྱིས་པའི་སློབ་གསོར་སྤུས་ལེགས་དཔེ་ཀློག་དཔྱད་གཞི་སྔར་བས་མང་པོ་མཁོ་འདོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།