མི་མང་པོ་ཞིག་གི་སེམས་སུ། ལོ་རབས90རྗེས་ཀྱི་ན་གཞོན་རྣམས་ནི་སྐྱིད་རྒྱག་པར་དགའ་བ་ལས་དཀའ་ངལ་ལ་གདོང་གཏོད་པའི་བརྩོན་སེམས་མེད་པར་འདོད།
ཡིན་ཡང་། ལོ་འདི་འགའི་རིང་ལ། རྨ་ཆེན་གངས་འདབས་སུ་ན་གཞོན་ལས་གཏོད་པ་ཡེ་ཤེས་ལྷ་མོ་དང་ཡེ་ཤེས་མཚོ་མོ། བསོད་ནམས་སྒྲོལ་མ་སོགས་ས་ཆ་གཞན་དུ་སོང་ནས་ལས་གཉེར་ཉམས་མྱོང་སློབ་སྦྱོང་དང་ལག་རྩལ་འཚོལ་སྡུད་བྱས་ཏེ་རྨ་ཆེན་གངས་འདབས་སུ་རང་ལ་འཚམ་པའི་ལས་རིགས་ཤིག་སྟེ། འཚིག་ཇ་ཁང་དང་། བོད་ཟས་གསོལ་ཚིགས་གླིང་། སྒྲོལ་མའི་གཙག་དྲུབ་ཁང་སོགས་གཉེར་ནས། ན་གཞོན་བུད་མེད་མང་པོ་ཞིག་གི་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བཏང་ཡོད།
“ང་ལ་འཚིག་ཇ་ཕོར་བ་གང་དགོས། འཁྱེར་ནས་འགྲོ་རྒྱུ་ཡིན།”
“ང་ལ་འཚིག་ཇ་མངར་མོ་གསུམ་དགོས།”
“འོ་དྲི་ལྡན་པའི་འཚིག་ཇ་གཉིས།”
ཞོགས་པའི་དུས་ཚོད་བརྒྱད་པའི་སྟེང་། འགྲུལ་བ་རྒྱུན་མི་ཆད་པ་དང་། འཚིག་ཇ་ཉོ་མཁན་གྱི་མི་ཚོགས་གྲལ་བསྒྲིགས་ནས་ལས་སྒྲུབ་མི་སྣ་བྲེལ་ཟིང་ཆེ་བའི་སྐབས་དེར། འཚིག་ཇ་ཁང་གི་སྦྱིན་བདག་ཡེ་ཤེས་ལྷ་མོའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས།
མགོ་ལོག་ཁུལ་རྨ་ཆེན་རྫོང་དར་ལག་ལམ་རྨ་ཡུལ་གངས་རི་ཁྲོམ་རའི་ཉིས་ཐོག་ཏུ་འཚིག་ཇ་ཁང་ཞིག་ཡོད།
དེ་ནི་འཚིག་ཇར་བརྟེན་ནས་ལས་རིགས་གསར་གཏོད་པ་དང་མ་དངུལ་གཏོང་མཁན་ཚོ་འབྲེལ་གཏུག་བྱེད་ས་ཞིག་ཡིན་པར་མ་ཟད། ས་གནས་ཀྱི་རིག་གནས་ལ་དགའ་མཁན་དག་གནས་དེར་འཛོམས་ནས་རིག་གནས་ལ་རྒྱུས་ལོན་དང་ལས་གཏོད་པ་རྣམས་ཀྱི་ཕུགས་འདུན་གླེང་ས་ཞིག་ཀྱང་རེད།
འཚིག་ཇ་ཁང་དེའི་སྦྱིན་བདག་ཡེ་ཤེས་ལྷ་མོ་ནི་སློབ་ཆེན་པ་ཞིག་ཡིན་ལ། ལས་གཏོད་ཀྱི་སྣེ་ཁྲིད་པ་ཞིག་ཀྱང་རེད།
ཡེ་ཤེས་ལྷ་མོས“འདི་གར་ངས་ལས་གཏོད་ཚོགས་པ་དང་འབྲེལ་གཏུག་དམ་ཟབ་བྱས་ནས། ཚོགས་པའི་མཐུན་སྒྲིལ་དང་བརྩོན་སེམས། བྱ་བ་སྒྲུབ་པ་འོས་འཚམ་ཡིན་མིན་བཅས་འདུས་པའི་ཁོ་ཚོའི་གནས་ཚུལ་གསར་ཤོས་ཤེས་རྟོགས་བྱེད་ཐུབ། གནས་ཚུལ་ཤེས་རྟོགས་བྱེད་པ་དེ་ནི་ལག་རྩལ་ནུས་པ་ལས་ཀྱང་གལ་ཆེ་བར་འདོད”ཅེས་རང་གི་མྱོང་ཚོར་གླེང་།
“འཚིག་ཇ་ཁང་གཉེར་བའི་དམིགས་ཡུལ་ནི་འཚིག་ཇ་འཚོང་རྒྱུ་ཁོ་ན་ཙམ་མིན་པར། འཚིག་ཇ་ཁང་གི་སྟེགས་བུར་བརྟེན་ནས་ཡུལ་སྐོར་པ་ཚུར་བཀུག་སྟེ་ས་གནས་ཀྱི་རིག་གནས་དྲིལ་སྒྲོག་དང་། ཡུལ་སྐོར་ཐོན་རྫས་ཕྱིར་འཚོང་བྱེད་པ་དང་། རྟ་བོ་གྲོང་རྡལ་ནས་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ལས་གཏོད་ལས་གཞི་སྔོག་འདོན་བྱ་རྒྱུ་དེ་ཡིན།”
འཚིག་ཇ་ཁང་དུ་སོང་བ་ན། ཕར་བལྟས་ཚོད་ཀྱིས་འཚིག་ཇ་ཁང་དཀྱུས་མ་ཞིག་དང་ཁྱད་པར་ཆེན་པོ་མེད། འཚིག་ཇ་ཁང་གི་རིག་གནས་རྩིགས་ལྡེབས་ངོས་སུ་ས་གནས་ཀྱི་རིག་གནས་ཐོན་རྫས་མང་པོ་བཤམས་ཡོད་པར་མ་ཟད། མིའི་བརྩོན་སེམས་ལ་སྐུལ་བའི་སྙན་ཚིག་འགའ་རེ་ཡང་མཐོང་ཐུབ། གློག་ཀླད་དང་དཔེ་ཆ་སོགས་ཡོད་པས་གཞུང་ལས་ཁང་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་ཡང་ལྡན།
དེ་ནི་འཚིག་ཇ་ཁང་གི་གཞུང་ལས་ཁང་མིན་པར། འཚིག་ཇ་ཁང་གི་ལས་ཞུགས་མི་སྣ་དང་ཇ་མ་བཅས་མི5ཡི་བཅའ་སྡོད་བྱེད་ས་རེད། ཁོ་ཚོས་རྒྱུན་པར་གློག་ཀླད་བརྒྱུད་ནས་འཚིག་ཇ་ཕྱིར་འཚོང་དང་རིག་གནས་དྲིལ་སྒྲོག་བྱེད་ཀྱིན་ཡོད། ཁོ་ཚོའི་ཚོགས་པ་ཕུད། ལས་གཏོད་པ་གཞན་དག་དེ་གར་ཡོང་ནས་སྒོར20ཡི་འཚིག་ཇ་དཀར་ཡོལ་གང་ཉོས་ཏེ། ཉིན་གང་བོར་རིན་མེད་ངང་དཔེ་ཆར་ལྟ་བ་དང་གླུ་གཞས་ལ་ཉན་པ་བཅས་བྱས་ནས་འཚོ་བར་ཁ་དོག་གསར་པ་སྣོན་བཞིན་ཡོད།
ཡེ་ཤེས་ལྷ་མོ་ནི1997ལོར་སྐྱེས་པའི་ན་གཞོན་ལས་གཏོད་པ་ཞིག་ཡིན།
ཡེ་ཤེས་ལྷ་མོ2020ལོར་ཀོང་ཞི་ཞིང་ཆེན་ནས་སློབ་ཆེན་མཐར་ཕྱིན།
2021ལོར། སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དུ་འཕྲུལ་ཆས་ལས་སྣོན་སྐོར་གྱི་བྱ་བར་ཞུགས། ཞོར་དུ་མོས་འཚིག་ཇ་སྐོལ་སྟངས་སློབ་སྦྱོང་བྱས།
2022ལོར། ཕྱིར་ཕ་ཡུལ་མགོ་ལོག་རྨ་ཆེན་རྫོང་དུ་ཡོང་ནས་ཁྱིམ་ཚང་རྣམ་པའི་འཚིག་ཇ་ཁང་ཞིག་གཉེར་བ་དང་། གཙོ་བོ་དྲ་སྟེང་ནས་ཚོང་ལས་གཉེར་བའི་ལམ་དུ་ཞུགས།
2023ལོར་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དར་ལག་ལམ་རྨ་ཡུལ་གངས་རི་ཁྲོམ་རའི་ཉིས་ཐོག་ཏུ་འཚིག་ཇ་ཁང་ཞིག་གཉེར།
གསར་འགོད་པས་འཚིག་ཇ་ཁང་དུ་བཅར་འདྲི་བྱེད་སྐབས། འཚིག་ཇ་འཐུང་དུ་ཡོང་བའི་མགྲོན་པོ་ཞིག་དང་འཕྲད། མགྲོན་པོའི་མིང་ལ་ཨ་སོག་ཟེར་ཞིང་། ཁོ་ཡང་ཇ་ཁང་གཉེར་བའི་ན་གཞོན་ལས་གཏོད་པ་ཞིག་རེད།
ཁོས་གསར་འགོད་པར་བཤད་རྒྱུར། ང་ཚོ་རྒྱུན་པར་འདི་གར་ཡོང་བ་དེ་འཚིག་ཇ་འཐུང་བ་ཁོ་ན་ཙམ་མ་ཡིན་པར་ལས་གཏོད་ཐད་ཀྱི་བསམ་བློ་བརྗེ་རེས་དང་ལས་གཞི་བརྩོན་ལེན་བྱེད་པའི་ཐད་ཕན་ཚུན་ལ་རོགས་རམ་བྱེད་དུ་ཡོང་བ་ཡིན་ཟེར།
ཡེ་ཤེས་ལྷ་མོས་གཉེར་བའིའཚིག་ཇ་ཁང་དུ་འཚིག་ཇ་འཐུང་དུ་ཡོང་བའི་མགྲོན་པོ་ཆེས་མང་བའི་དུས་ཚོད་ནི་ཞོགས་པའི་དུས་ཚོད་བརྒྱད་པ་ནས་དགུ་པའི་བར་རེད། དེ་དུས་ཀྱི་མགྲོན་པོ་མང་ཆེ་བ་ལས་ཚོགས་སུ་ཞུགས་པའི་ལས་བྱེད་པ་རེད།
ཉིན་གུང་འཚིག་ཇ་འཐུང་དུ་ཡོང་བའི་མགྲོན་པོ་ཚོ་ནི་ཁེ་ལས་ཆུང་གྲས་རིགས་གཉེར་མཁན་དང་ན་གཞོན་ལས་གཏོད་པ། ཡུལ་སྐོར་རིག་གནས་ལ་མོས་པ་ཡོད་མཁན་དག་རེད།
ཡེ་ཤེས་ལྷ་མོས“འཚིག་ཇ་ཁང་དུ་གླེང་སྟེགས་དང་འཆད་ཁྲིད་གཉེར་བ་ཕུད། ད་དུང་བྱ་གཞག་གསར་གཏོད་བྱེད་མཁན་ལ་བཟོ་ཚོང་ཐོ་འགོད་དང་། ཡུལ་སྐོར་སོགས་རིན་མེད་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་ནས་བྱ་གཞག་གསར་གཏོད་སྐབས་སུ་འཕྲད་པའི་གནད་དོན་ཐག་གཅོད་རོགས་བྱེད་ཀྱིན་ཡོད”ཅེས་ངོ་སྤྲོད་བྱས།
ཡེ་ཤེས་ལྷ་མོ་ནི་སྐད་རིགས་གསུམ་ལ་བྱང་ཆ་ལྡན་པའི་སློབ་ཆེན་པ་ཞིག་ཡིན་སྟབས། འཚིག་ཇ་ཁང་སྒོ་ཕྱེ་མ་ཐག་མི་རྣམས་དེར་འདུས་ནས་འཚིག་ཇ་འཐུང་ཞོར་རང་ཉིད་ཀྱི་འདོད་མོས་ལྟར་བློ་འདྲི་བྱེད་བཞིན་ཡོད་པས། མ་དངུལ་འཇོག་མཁན་དང་ཁེ་ལས་པ། སྤྱི་ཚོགས་རྩ་འཛུགས་མི་སྣ། ལག་རྩལ་མི་སྣ་བཅས་རང་འགུལ་ངང་འཛོམས་ཡོང་། མགོ་ལོག་ཏུ་ཡུལ་སྐོར་ལ་ཡོང་བའི་མགྲོན་པོ་མི་ཉུང་བ་ཞིག་ཀྱང་འཚིག་ཇ་ཁང་དེར་ཡོང་བཞིན་ཡོད།
གཟའ་འཁོར་སྔོན་མའི་གཟའ་སྤེན་པའི་ཉིན་གང་བོར་ཁ་ཆར་བབས་ཀྱང་། འཛད་སྤྱོད་པ་རྣམས་གནས་དེར་ཡོང་བར་བཀག་འགོག་མ་ཐེབས། སྔ་དྲོའི་སྒོ་ཕྱེ་བ་ནས་ཕྱི་དྲོའི་སྒོ་རྒྱག་པའི་བར་གྱི་དུས་ཚོད12ནང་། འཚིག་ཇ་ཁང་དུ་སྐུ་མགྲོན་མང་པོ་ཡོང་ཞིང་། དེ་དག་ཁྲོད་ཕྲུ་གུ་ཁྲིད་པའི་ཁྱིམ་བདག་དང་། དུས་བཅད་བྱས་ནས་ཐོན་པའི་དགའ་རོགས། ལྷག་པར་ཁུལ་གྱི་མངའ་ཁོངས་ནས་ཡོང་བའི་སྤྲོ་སེམས་འཁོལ་བའི་ཨ་ནེ། ད་དུང་སློབ་གྲྭའི་དགེ་རྒན་དང་སློབ་མ་སོགས་ཡོད། “འགྲུལ་བ་རྒྱུན་མི་ཆད་པར་ཡོང་གིན་ཡོད་པས། འཚིག་ཇ་ལས་སྣོན་བྱེད་པར་བྲེལ་འཚུབ་ཆེ་བ་དང་རྐུབ་སྟེགས་མི་འདང་བ”སོགས་ཀྱི་གནད་དོན་ལ་འཕྲད་ཀྱིན་ཡོད།
ཡེ་ཤེས་ལྷ་མོས་རང་ས་གནས་ཀྱི་མང་ཚོགས་ཁྲོད་ནས་འཚོ་བར་ཅུང་དཀའ་ཁག་ཡོད་པའི་སློབ་ཆེན་པ་འགའ་རེའི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱེད་བཞིན་ཡོད་དེ། ཡེ་ཤེས་སྒྲོལ་མ་ནི་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་ཡིན་ལ། རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་མི་རེད། སློབ་མཐར་ཕྱིན་རྗེས་ཡེ་ཤེས་ལྷ་མོས་གཉེར་བའི་འཚིག་ཇ་ཁང་གི་འཚིག་ཇ་ལས་སྣོན་པའི་འགན་ཁུར་ཡོད། དེ་མིན་དབྱངས་ཅན་མཚོ་ནི་རྨ་ཆེན་རྫོང་གི་ས་གནས་ཀྱི་མང་ཚོགས་དཀྱུས་མ་ཞིག་ཡིན་ལ། མོས་འཚིག་ཇ་ཁང་དུ་ཞབས་ཞུའི་ལས་རིགས་གཉེར་ནས་ཟླ་རེར་ཡོང་འབབ་སྒོར2000ཡན་འཚོལ་བཞིན་ཡོད།
དེང་སྐབས། རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་སྒོར10ལྷག་གིས་འཚིག་ཇ་ཕོར་བ་གང་ཉོས་ནས་གླེང་མོལ་བྱེད་པ་དེ་རིག་གནས་ལ་དགའ་མཁན་དང་། ལས་རིགས་གསར་གཏོད་པ་མི་ཉུང་བ་ཞིག་གི་གདམ་གར་གྱུར་ཡོད། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།