མཚོ་སྔོན་ཞིང་ཆེན་གྱིས་སྐབས43པའི“འདབ་ཆགས་ལ་གཅེས་པའི་གཟའ་འཁོར”དྲིལ་སྒྲོག་བྱེད་སྒོ་སྤེལ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ4བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་དུ“སྲུང་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་གནས་སྤོ་འདབ་ཆགས་ལ་སྲུང་སྐྱོང་བྱེད་པ”བརྗོད་བྱ་གཙོ་བོར་བཟུང་ནས་སྐབས43པའི“འདབ་ཆགས་ལ་གཅེས་པའི་གཟའ་འཁོར”དྲིལ་སྒྲོག་བྱེད་སྒོ་སྤེལ། 

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་འདབ་ཆགས་སོགས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱས་ནས། མིག་སྔའི་བར། ཞིང་ཆེན་ཡོངས་སུ་འདབ་ཆགས་རིགས22དང་ནང་ཚན73སྣ་ཁ532། གནས་སྤོ་འདབ་ཆགས380ཡོད་པ་དང་། དེ2018ལོ་ལས་རིགས100ཡི་མང་དུ་ཕྱིན་ཡོད། དེའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་འདབ་ཆགས27དང་། ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་རིགས1གསར་སྣོན་བྱུང་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་འདབ་ཆགས81ནས89བར་མང་དུ་ཕྱིན་ཡོད། 2022ལོ་ནས་བཟུང་། མཚོ་སྔོན་གྱིས་འདབ་ཆགས་ནག་པོའི་ཁྱུ་ཚོགས་ཀྱི་གྲངས་འབོར་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན། གནས་སྤོ་རྗེས་འདེད་ཞིབ་འཇུག་བྱས་ནས། ཁྲུང་ཁྲུང་སྐེ་ནག་ལོ10ཡི་སྔོན་གྱི1200ལྷག་ཙམ་ནས2600ལྷག་ཙམ་དང་། ངང་པ1400ལྷག་ཙམ་བར་མང་དུ་ཕྱིན་ཡོད། 2023ལོར། སྟོན་དུས་གནས་སྤོ་ཆུ་བྱ་ཁྲི12དང་། དགུན་སྒྲོལ་ཆུ་བྱ་ཁྲི2.1ལྷག་ཙམ་ཟིན། 

རྒྱུས་ལོན་པ་ལྟར་ན། 2023ལོར་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྤྱི་ཚོགས་སྟེང་གནས་སྤོའི་འདབ་ཆགས་བགྲོད་ལམ་སྲུང་སྐྱོང་ཁྱབ་ཁོངས་གལ་ཆེན22དང་། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་གལ་ཆེན17ཁྱབ་བསྒྲགས་བྱས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ལས་ཁུངས21གིས་མཉམ་འབྲེལ་སྒོས་འདབ་ཆགས་སྲུང་སྐྱོང་ཆེད་དོན་བྱ་སྤྱོད་སོགས་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་སྤེལ་བ་དང་། མཚོ་བོད་ས་མཐོའི་རྒྱལ་སྤྱིའི་འདབ་ཆགས་ལ་ལྟ་བའི་དུས་ཆེན་སྐབས་དང་པོ་དང་གནས་སྤོའི་འདབ་ཆགས་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ། 

མགོ་ཚུགས་མཛད་སྒོའི་སྟེང་། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་འདབ་ཆགས་ལ་ལྟ་བའི་མཐུན་ཚོགས་དང་། མཚོ་སྔོན་ལན་ཐེན་སྤྱི་ཕན་བྱ་གཞག་འཕེལ་རྒྱས་སྐུལ་འདེད་ལྟེ་གནས་གཉིས་ལ“མཚོ་སྔོན་ཞིང་ཆེན་གནས་སྤོ་འདབ་ཆགས་སྲུང་སྐྱོང་བྱ་སྤྱོད་དང་བླངས་རུ་ཁག”གི་དར་ཆ་སྤྲད། 

ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པ་ཐེན་ཅན་གྱིས་མཚོ་སྔོན་གྱིས“འདབ་ཆགས་ལ་གཅེས་པའི་གཟའ་འཁོར”གྱི་དྲིལ་སྒྲོག་བྱེད་སྒོ་གོ་སྐབས་སུ་བཟུང་ནས། ཞིང་ཆེན་ཡོངས་སུ་འདབ་ཆགས་ལ་གཅེས་པ་དང་འདབ་ཆགས་ལ་སྲུང་སྐྱོང་བྱེད་པའི་ཚ་རླབས་འཕྱུར་ནས། རྒྱུན་མཐུད་ངང“2024ལོའི་གེགས་སེལ་འགུལ་སྐྱོད”ཀྱི་ཆེད་དོན་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཡག་པོ་སྤེལ་ནས། འདབ་ཆགས་སྲུང་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། འདབ་ཆགས་གནས་སྤོའི་བགྲོད་ལམ་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན། ། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།