རྟ་བོ་གྲོང་རྡལ་གྱིས“ཁུལ་སྟོན་དང་ལྔ་གཅིག་གུང་གསེང་བསུས་ཏེ་ཆེས་མཛེས་པའི་ངལ་རྩོལ་པར་གུས་འདུད་ཞུ་བ”ཡི་སྐོར་བྲོ་འགྲན་སྡུར་བསྡུས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

སྐོར་བྲོ་འཁྲབ་སྟེ་བདེ་སྐྱིད་བསྐྲུན། རྟ་བོར་མཐུན་སྒྲིལ་མེ་ཏོག་བཞད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ཏེ་ལོ་འཁོར70འགོར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་བསམ་པའི་འཚོ་བ་དང་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ། རྟ་བོ་གྲོང་རྡལ་གྱི་རིགས་སོ་སོའི་བུ་དང་བུ་མོའི་འབད་འབུངས་ཀྱིས་བྱས་རྗེས་འཇོག་པ་དང་། དཀའ་སྤྱད་ཀྱིས་ཕྱུག་བསྒྱུར་བྱེད་པ། མཐུན་སྒྲིལ་ཡར་བརྩོན་གྱི་ཡ་རབས་སྤྱོད་སྟངས་སྔར་ལས་ལྷག་པའི་སྒོ་ནས་མངོན་པ་དང་། དུས་ཆེན་གྱི་ངང་ཚུལ་ཡག་པོ་བསྐྲུན་ཆེད།ཉེ་ཆར།རྟ་བོ་གྲོང་རྡལ་གྱི་སྡེ་ཁུལ6མཉམ་འབྲེལ་བྱས་ཏེདགའ་སྤྲོའི་སྐོར་བྲོ་འཁྲབ་སྟེ་ཆེས་མཛེས་པའི་ངལ་རྩོལ་པར་གུས་འདུད་ཞུ་བཡི་སྐོར་བྲོ་འགྲན་སྡུར་བསྡུས། མངའ་ཁུལ་སྡེ་དམངས་ཀྱིས་རང་འགུལ་ངང་སྐོར་བྲོ་རུ་ཁག7རྩ་འཛུགས་བྱས་ལ། བསྡོམས་པས་སྐོར་བྲོ་འཁྲབ་རྒྱུར་དགའ་བའི་མི420ལྷག་འགྲན་སྡུར་ནང་ཞུགས་ཏེ་གར་གྱི་སྟངས་སྟབས་མངོན།

འགྲན་སྡུར་སྐབས་སུ། འགྲན་ཞུགས་པ་སོ་སོས་མི་རིགས་ཀྱི་རྒྱན་གོས་སྤྲས་ཏེ། སྙན་ཞིང་འགྱུར་ཁུགས་ལྡན་པའི་རམ་འདེགས་རོལ་མོ་དང་བསྡེབས་ཏེ། ཚུས་འཆོས་མིན་པར་ལྷན་སྐྱེས་དང་ཕུན་སུམ་ཚོགས་པའི་བཟོ་ལྟ་ལ་བརྟེན་ནས་གར་གྱི་སྟངས་སྟབས་མངོན་པ་ནི་ལྟ་བས་ཆོག་མི་ཤེས་ཤིང་། ལྟད་མོ་བའི་མིག་དབང་ཅིག་ཅར་དུ་འཕྲོགས་ཏེ་རང་དབང་མེད་པར་དགའ་སྤྲོའི་ཐལ་མོ་རྡེབ་སྒྲ་དང་ཀུ་སྒྲས་ཚོགས་ར་ཡོངས་སུ་ཁེངས། འགྲན་ཞུགས་ཀྱི་གླགས་དང་བསྟུན་ནས། བསྟན་འཛིན་བཀྲ་ཤིས་དང་། བསོད་ནམས་སྒྲོལ་མ་བཅས་གླུ་བ་གླུ་མ་རྣམས་གར་སྟེགས་སུ་བུད་དེ། སྨོན་འདུན་དང་དགའ་སྤྲོ་གླུ་སྐད་ཀྱི་འགྱུར་ཁུགས་རེ་རེར་བསྒྱུར་ནས། ལྟད་མོ་བར་སྙན་འགྱུར་སྟོང་གིས་ཕྱུག་པའི་མི་རིགས་ཀྱི་གླུ་ངག་གི་མཆོད་པ་ཕུལ་བ་དང་། སྡེ་ཁུལ་གྱི་ལས་བྱེད་མི་སྣས་ཀྱང་ཐུན་མོང་གྱེར་འདོནགོམ་སྟབས་ཆེན་མོས་མདུན་དུ་སྐྱོད་པའི་སྡེ་ཁུལ་གྱི་ལས་བྱེད་པའི་ཟིན་ཐོཞེས་པ་འཁྲབ་སྟོན་བྱས། དེས་སྡེ་ཁུལ་འཕེལ་རྒྱས་ཐད་རེ་འདུན་བཟང་པོ་བཅངས་ཤིང་། སྡེ་ཁུལ་ཞབས་ཞུའི་བྱ་བར་འབད་འབུངས་བྱེད་པའི་ཆོད་སེམས་བརྗོད་གཞིར་བཟུང་ཡོད།

མཇུག་མཐར་མགོ་ལོག་གེ་སར་སྐོར་བྲོ་རུ་ཁག་གིས་འགྲན་སྡུར་གྱི་ཨང་དང་པོ་བླངས་ཤིང་། ཨ་གཡང་སྐོར་བྲོ་རུ་ཁག་དང་སྡེ་ཁུལ་སྐོར་བྲོ་རུ་ཁག་གིས་འགྲན་སྡུར་གྱི་ཨང་གཉིས་པ་བླངས། ལེན་འགྲོ་སྐོར་བྲོ་རུ་ཁག་དང་བདེ་རོང་སྐོར་བྲོ་རུ་ཁག་གིས་འགྲནབསྡུར་གྱི་ཨང་གསུམ་པ་བླངས། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་ཞབས་བྲོ་རུ་ཁག་དང་རྨ་ཆེན་གེ་སར་རིག་གནས་སྒྱུ་རྩལ་ཚོགས་པས་ཞབས་བྲོ་གསར་སྐྲུན་གྱི་བྱ་དགའ་བླངས།

ཐེངས་འདིའི་སྐོར་བྲོ་འགྲན་སྡུར་གྱིས་རྟ་བོ་མི་དམངས་ཀྱི་ཏང་གཅེས་ཏང་བཀུར་དང་། འབད་འབུངས་ཀྱི་རྣམ་འགྱུར་དང་སྦྱོར་བ་དངོས་ལ་བརྟེན་ནས་དུས་རབས་གསར་པའི་བདེ་སྐྱིད་འཚོ་བར་གཞོལ་བའི་བརྩེ་འདང་དངོས་དང་བསམ་ཕྱོགས་མངོན་པར་མཚོན་ལ། ལོ་འདི་འགའི་རིང་རྟ་བོ་གྲོང་རྡལ་གྱིས་མང་ཚོགས་ཀྱི་མི་རིགས་རིག་གནས་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པའང་མངོན་པར་མཚོན་ཡོད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།