མགོ་མང་གྲོང་རྡལ་ཅོ་སེར་སྡེ་བ་ནས་དབོས་ར་ལུག་གི་རྒྱུད་བཟང་འགྲན་སྡུར་སྤེལ་ཏེ་ས་གནས་ཀྱི་ཕྱུགས་ལས་ཐོན་སྐྱེད་ལ་སྐུལ་འདེད་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གསར་འགོད་པ། ཀླུ་མོ།

མང་རྫོང་གི་མགོ་མང་ས་ཆར་མཚོན་ན། ཕྱུགས་ལས་གཉེར་བའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། ཕྱུགས་ལས་འཕེལ་རྒྱས་ནི་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་གྲས་ཀྱི་གཅིག་ཡིན་ཞིང་། འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མཐོ་རུ་གཏོང་བའི་ཐབས་ལམ་གསར་པ་ཞིག་ཀྱང་རེད། དབོས་ར་ལུག་རྒྱུད་བཟང་པོ་དར་སྤེལ་དང་ཕྱུགས་ལས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱ་ཆེད། ཉེ་ཆར། མགོ་མང་གྲོང་རྡལ་ཅོ་སེར་སྡེ་བས་སུམ་ཁྲི་རྟགས་མའི་དབོས་ར་ལུག་རྒྱུད་འགྲན་སྡུར་སྤེལ་ཏེ། ས་གནས་འབྲོག་པ་མང་ཚོགས་ཀྱི་ཕྱུགས་ལས་ཐོན་སྐྱེད་ལ་སྐུལ་འདེད་བཏང་།

ཐེངས་འདིའི་འགྲན་སྡུར་སྟེང་། མགོ་མང་གྲོང་རྡལ་གྱི་ཡུལ་ཚོ་དང་སྡེ་བ་སོ་སོའི་དབོས་རའི་ལུག་རྒྱུད་ཡིན་པའི་ལུག300ལྷག་ཞུགས་ཡོད་ལ། དཔྱད་འདེམས་ཚོགས་པས་ལུག་གི་རྒྱུད་བཟང་ཐོན་ཁུངས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ། ཁ་མཉམ་གྱི་ཁྲོམ་དང་མ་མོ། ལུ་གུ་བཅས་ཀྱི་ལྗིད་ཚད་དང་རྭ་རྐང་། སྐེ་མདའ། སྤུ་རྒྱུད།  རི་མོའི་མཆེད་སྟངས་བཅས་ཀྱི་ཐད་ནས་ཡུལ་དངོས་ནས་དཔྱད་འདེམས་བྱས་ཤིང་། རིགས་དང་རྒྱུད་སོ་སོ་བཀར་ཏེ་ཨང་རིམ་ལྟར་བྱ་དགའ་སྤྲད།

དབོས་ར་ལུག་གི་འབྱུང་ཁུངས་ནི་རང་ཞིང་གི་སོག་རྫོང་དང་རྩེ་ཁོག མང་རྫོང་བཅས་ཡིན་ལ། དེར་་གཟུངས་བོངས་ཆེ་ཞིང་སུག་བཞི་རིང་བ། སྐྱེ་འཚར་མགྱོགས་པ།  ཤའི་བྲོ་བ་ཞིམ་པ་བཅས་ཀྱི་ཁྱད་ཆོས་ལྡན།     ཤ་གཟན་གྱི་ལྗིད་ཚད་ལ་སྤྱི་རྒྱ75དང་།   མ་མོའི་ལྗིད་ཚད་ལ་སྤྱི་རྒྱ60ལྷག་ཡོད་པས། སྤྱིར་བཏང་གི་ལུག་རྒྱུད་ལས་ལྕི།   

ཐེངས་འདིའི་འགྲན་སྡུར་བརྒྱུད་དེ། མང་རྫོང་མགོ་མང་ས་ཁུལ་གྱི་ལུག་རྒྱུད་བཟང་བོ་འགྲེམ་སྟོན་བྱས་ནས་ས་གནས་ཀྱི་ཕྱུགས་རིགས་སྤུས་རྟགས་འཛུགས་པ་དང་སྲུང་སྐྱོབ་ལ་སྔར་བས་སྐུལ་འདེད་དང་། ཕྱུགས་ལས་ཐོན་ལས་ཐད་ཀྱི་གྲུབ་འབྲས་དང་འབྲོག་པ་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་ཀྱིས་མཚོན་པར་བྱས་ཏེ། རྒྱུད་བཟང་ཕྱུགས་རིགས་གསོ་སྤེལ་ལ་སྣེ་ཁྲིད་དང་ས་ཁོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོན་པོས་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།

ལོ་ངོ་འདི་དག་གི་རིང་། མང་རྫོང་གིས་ལྷད་མེད་འཕེལ་རྒྱས་ཀྱི་སྣེ་ཁྲིད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་པར་མཐའ་འཁྱོངས་བྱས་ནས། ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་གཏོད་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ།  རྩྭ་ཕྱུགས་མཉམ་གཉེར་བཅས་ཀྱི་ལམ་ནས་ཕྱུགས་ལས་ཐོན་ལས་གོང་ནས་གོང་དུ་སྤེལ་བའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ཡོད་དོ།།

 

རྩོམ་སྒྲིག་པ། ཨ་གཡང་སྐྱིད།