མཚོ་སྔོན་དུ་བོད་ལུག་རྒྱུད་བཤུས་བྱས་པའི་ལུ་གུ་ཐོག་མ་བཙས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2ཚེས25ཉིན་གྱི་ཆུ་ཚོད17སྐར་མ44སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཙོང་པའོ་ཡུལ་ཚོའི་མཚོ་སྔོན་ཨའོ་ཀུའུ་གཞིས་ཀའི་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིའི་ལུག་རའི་ནང་འཛམ་གླིང་གི་ཕུང་བོའི་ཕྲ་ཕུང་ཁེ་ལུང(克隆)བྱས་པའི་བོད་ལུག་གི་ལུག་རྒྱུད་དེ་ལུ་གུ་ཐོག་མ་བཙས་ཤིང་། དེ་ནི་མདོ་དབུས་མཐོ་སྒང་གི་བོད་ལུག་གི་ལུག་རྒྱུད་བཟང་བོ་རྒྱུད་སྤེལ་ལག་རྩལ་ཁྱབ་ཁོངས་སུ་ཡང་བསྐྱར་བྱུང་བའི་ཐོལ་བརྒལ་གལ་ཆེན་ཞིག་རེད།    

ཤེས་གསལ་ལྟར་ན། ཁེ་ལུང་གི་ལུ་གུ་དེ་སྐྱེས་མ་ཐག་ཏུ་ལྗིད་ཚད་རྒྱ་མ་སྟོང་ཁེ3.4ཡོད་པ་དང་། ད་སྔ་ལུ་གུའི་བདེ་ཐང་ལ་ཞིབ་བཤེར་བྱེད་བཞིན་ཡོད།  ལུ་གུའི་གཟུགས་བྱད་ནག་ཁྲ་ཡིན་ཞིང་ཕུང་བོའི་ཕྲ་ཕུང་ལེན་སའི་ཁྲོམ་གྱི་གཟུགས་བྱད་དང་གཅིག་མཚུངས་རེད།

བོད་ཀྱི་ལུག་རྒྱུད་ནི་མདོ་དབུས་མཐོ་སྒང་དུ་གྲངས་འབོར་མང་ཤོས་ཀྱི་སྒོ་ཟོག་ཡིན་ཞིང་།  གྲང་ངར་དང་གསོ་རླུང་དཀོན་པོའི་རང་བྱུང་ཁོར་ཡུག་ལ་བསྟུན་ཐུབ་པས་རང་རྒྱལ་གྱི་ས་གནས་ལུག་རྒྱུད་ཁྲོད་ཀྱི་ལུག་རྒྱུད་ཁྱད་པར་བ་ཞིག་ཡིན།  ཡིན་ན་ཡང་རྒྱུད་སྤེལ་ཚད་དལ་ལ།  རྒྱུད་སྤུལ་བ་ཉུང་བ། ལུག་རྒྱུད་བཟང་པོ་ཉམས་ཟད་ཆེ་བ།  སྲོལ་རྒྱུན་གྱི་རྒྱུད་སྤེལ་དུས་ཡུན་རིང་བ་སོགས་ཀྱི་གནད་དོན་གནས།   རྒྱུད་བཟང་ནི་དེང་རབས་ལུག་གི་ཐོན་ལས་གོང་སྤེལ་གྱི་རྨང་གཞི་ཡིན་ཏེ། སྒོ་ཟོག་ཐོན་སྐྱེད་ཁྲོད་ལག་རྗེས་འཇོག་ཚད40%ཡན་ལ་བསླེབས་ཀྱི་ཡོད།  དེ་བས་རྒྱུད་བཟང་སྒོ་ཟོག་གི་རྒྱུད་སྤེལ་གནད་དོན་དེ་དག་སེལ་ཆེད། ཟི་ལིང་གྲོང་ཁྱེར་སྲོག་ཆགས་རིམས་འགོག་ཚོད་འཛིན་ལྟེ་གནས(ཟི་ལིང་གྲོང་ཁྱེར་ཕྱུགས་འབྲོག་ཕྱུགས་སྨན་ས་ཚིགས་ཀྱི་སྒོ་བྱང་བཀལ་ཡོད)ཀྱིས་ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སུའུ་ཅིན་མིང་དཔུང་སྡེ་དང་མཉམ་འབྲེལ་བྱས་ཏེ། 2018ལོ་ནས་བཟུང་ནོར་ནག་དང་བོད་ལུག་གི་སྦྲུམ་རྟེན་ལས་གཞི་བཀོལ་སྤྱོད་ལག་རྩལ་ཐད་ལ་ཞིབ་འཇུག་བགྱིས།  ད་ཐེངས་ཀྱི་ཞིབ་འཇུག་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རྫོང་གི་ཨ་ཐའོ་སུའུ་ཧུའུ་དངུལ་རྭ་ལུག་རྒྱུད་སྤེལ་ར་བའི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྒྱུད་བཟང་ཁྲོམ3དང་མ་མོ1བཅས་བདམས་ཤིང་།  དེ་ལས་ཁྲོམ་གཅིག་ནི་ལྗིད་ཚད་སྤྱི་རྒྱ200ལྷག་ཡོད་པ་སྟེ། ཁྲོམ་རྩལ་འགྲན་སྡུར་ཁྲོད་དངུལ་རྭ་ལུག་རྩེ་གྲས་བྱ་དགའ་ཐེངས་དུ་མར་ཐོབ་མྱོང་བ་ཞིག་རེད།   

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་ཁེ་ལུང་གི་རྒྱུ་ཆ་དག་ནི་ལུག་གི་རྣ་གཤོག་ལས་རྒྱུ་ཏོག་ཙམ་བླངས་རྗེས།  ཉམས་ཞིབ་ཁང་དུ་རྣའི་ཚི་སྣ་ཕྲ་ཕུང་གསོས་པ་དང་། དེ་ནས་ཕུང་བོའི་ཕྲ་ཕུང་སྙིང་བོ་སྤོ་འཇུག་བརྒྱུད་དེ་ཁྲོམ་གྱི་སྦྲུམ་རྟེན་ཁེ་ལུང་བྱས་པ་དང་། དེ་ནས་ཁེ་ལུང་གི་སྦྲུམ་རྟེན་མ་མོའི་བུ་སྣོད་དུ་སྤོ་འཇུག་བྱས། ཐེངས་འདིའི་ཁེ་ལུང་བྱས་པའི་སྦྲུམ་རྟེན་སྤོ་འཇུག་གི་མ་མོ43ལ་ཐོག་མའི་སྦྲུམ་བཤེར་ལྟར་ན་སྦྲུམ་ཚད58%རེད།  ཉིན120ཡི་ནང་སྦྲུམ་ཚད37.2%རེད། ད་སྔ་སྐྱེས་ཟིན་པའི་ལུ་གུ་མ་གཏོགས། མ་མོ་གཞན་རྣམས་ཀྱང་ལུ་གུ་བཙའ་བའི་དུས་ལ་བསླེབས་ཡོད།

ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སུའུ་ཅིན་མིང་གིས་འདི་སྐད།  ཐེངས་འདིའི་ཚོད་ལྟའི་ཞིབ་འཇུག་གིས་མཚོ་བོད་མཐོ་སྒང་རང་ས་ནས་ལེགས་པར་གྲུབ་པས། མདོ་དབུས་མཐོ་སྒང་གི་ད་ཡོད་ཀྱི་རྒྱལ་ཁབ་རིམ་པའི་སྟོངས་ཉེན་ཆེ་བའི་སྲོག་ཆགས་རྩ་ཆེན་རིགས་སླར་གསོ་དང་སྲུང་སྐྱོབ། རྒྱུད་སྤེལ་ཐོན་ཁུངས་ཉར་འཇོག་བཅས་ལ་ཁྲིད་སྟོན་དང་ཟུར་ལྟའི་དོན་སྙིང་ལྡན་ཟེར། ཉེ་བའི་ལོ་རིང་ལ་ཞིང་ཆེན་འཇོན་མི་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས་བཅས་ཀྱི་རྒྱབ་སྐྱོར་འོག  ཟི་ལིང་གྲོང་ཁྱེར་སྲོག་ཆགས་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གསར་གཏོད་ལྟེ་གནས་ཀྱི་སྡིངས་ཆར་གཞི་བཅོལ་ཏེ། མཉེན་གཤིས་རང་བཞིན་གྱིས་ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན་གྱི་ཆེད་མཁས་དང་དགེ་རྒན་ཆེན་མོའི་དཔུང་སྡེ་ཡི་འཇོན་མི་ནང་འདྲེན་དང་རིག་ནུས་ལ་རྒྱབ་སྐྱོབ་བྱས་ཏེ།   མཚོ་སྔོན་ཨའོ་ཀུའུ་གཞིས་ཀའི་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཐོན་སྐྱེད་ཁེ་ལས་ཀྱི་མཉམ་ཤུགས་མཉམ་ལས་འོག   མཚོ་སྔོན་ཞིང་ལས་ཁུལ་གྱི་བོད་ལུག་གསོ་སྤེལ་ཁྲོད་ཀྱི་ལག་རྩལ་གྱི་དགོས་མཁོ་དང་འགག་གནད་ལ་དམིགས་ནས་ཁྲོམ་རས་སྣེ་ཁྲིད་དང་། ཁེ་ལས་བྱེད་པོ།   ཐོན་སློབ་ཞིབ་གསུམ་གྱིས་མཉམ་འབྲེལ་བྱས་པའི་ལུག་གི་ཐོན་ལས་གོང་སྤེལ་གསར་སྤེལ་མ་ལག་ཧུར་ཐག་གིས་བཙུགས་པ་དང་།   རྒྱུད་བཟང་ནང་འདྲེན་དང་གསོ་སྤེལ་སྤུས་ལེགས།  མི་ཕྱུགས་གཉིས་ཀའི་ནད་ཡམས་ཚོད་འཛིན། སྲོག་ཆགས་ཀྱི་འཚོ་བཅུད་སྙོམས་སྒྲིག་ལ་སོགས་ལག་རྩལ་ཕྱོགས་ལ་ནུས་ཤུགས་འདོན་པ་དང་།  གསར་གཏོད་ལ་སྐུལ་འདེད།  བཀོལ་སྤྱོད་ལེགས་པོ་བཅས་ཐད་ལ་ཤུགས་བརྒྱབ།   ཐེངས་འདིའི་བོད་ལུག་ཁེ་ལུང་ལག་རྩལ་གྱི་ཚོད་ལྟ་ལེགས་འགྲུབ་བྱུང་བ་ནི་ཐོན་སློབ་ཞིབ་གསུམ་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།