ལྷ་སར་སྤ་སེ་མི་དགོས་པར་བོད་སྐད་གློག་བརྙན་ལྟ་ཆོག་གི་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ།

 ན་ནིང་གི་སྤྱི་ཟླ་12པ་ནས་བཟུང་། ལྷ་སའི་གླིང་རྒྱུད་ལམ་སྟེ་བོད་ལྗོངས་སློབ་ཆེན་རྙིང་པའི་ཁ་གཏད་དུ་ཡོད་པའི་བོད་ལྗོངས་གློག་བརྙན་ཀུང་སིའི་གློག་བརྙན་ཁང་གིས་རྒྱ་ཆེའི་གྲོང་མི་ཚོར་སྣ་མང་ཕུན་སུམ་ཚོགས་པའི་བོད་སྐད་གློག་བརྙན་མང་དག་ཅིག་རིན་མེད་ཐོག་གཟིགས་འབུལ་ཞུས་ཡོད་ཅིང་། བསྡོམས་རྩིས་བྱས་པ་ལྟར་ན། བོད་སྐད་གློག་བརྙན་ཐེངས་གྲངས་130ལྷག་བསྟན་པར་གློག་བརྙན་ལྟ་མཁན་མི་ཐེངས་1000ལྷག་ཟིན་པ་མ་ཟད་རྒྱ་ཆེའི་གྲོང་མི་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་གཏོར་ཡོད་པ་རེད།

       གླིང་རྒྱུད་ལམ་ལྷ་སའི་གློག་བརྙན་ཁང་གིས་རྒྱ་ཆེའི་གྲོང་མི་ཚོའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལྷག་པ་སྐོང་ཆེད་དང་ལྷག་པར་དུ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་རིང་རྒྱ་ཆེའི་གྲོང་མི་ཚོའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་གློག་བརྙན་ཁང་གིས་དུས་ཆེན་གཉིས་རིང་རིན་མེད་བོད་སྐད་གློག་བརྙན་གསར་པ་ཁག་ཅིག་སྟོན་རྒྱུ་མ་ཟད་གློག་བརྙན་སྟོན་གྲངས་མང་དུ་གཏོང་རྒྱུ་ཡིན་ཏེ། དེ་སྔའི་ཉིན་གཅིག་ལ་གློག་བརྙན་ཐེངས་གསུམ་བསྟན་པ་ནས་གློག་བརྙན་སྟོན་གྲངས་ཐེངས་བཞིའི་བར་མང་དུ་གཏོང་རྒྱུ་རེད་འདུག 

       ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྐད་གློག་བརྙན་གསར་པ་དེ་དག་ནང་༼ང་དང་ངའི་མེས་རྒྱལ་༽ཞེས་པ་སོགས་རྒྱལ་གཅེས་གློག་བརྙན་དང་། ༼གསང་འཐབ་༽ཅེས་པ་སོགས་གཏམ་རྒྱུད་གློག་བརྙན། ༼དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ་༽ཞེས་པ་སོགས་འགུལ་རིས་གློག་བརྙན། ༼བོད་ཀྱི་མཁའ་ཁྱབ་༽ཅེས་པ་སོགས་ཀྱི་བོད་འབྲེལ་གློག་བརྙན་བཅས་བལྟ་འདོད་ལ་ནང་དོན་ཕུན་སུམ་ཚོགས་པའི་བོད་སྐད་གློག་བརྙན་སྣ་ཚོགས་སྟོན་འཆར་ཡོད་པ་རེད།

       གླིང་རྒྱུད་ལམ་ལྷ་སའི་གློག་བརྙན་ཁང་གི་ལས་དོན་མི་སྣས། རྒྱ་ཆེའི་གྲོང་མི་ཚོས་ལོ་གསར་གྱི་ངལ་གསོའི་རིང་ཕ་མ་བུ་ཕྲུག་དང་ལྷན་དུ་བོད་སྐད་གློག་བརྙན་གཟིགས་པར་ཕེབས་རྒྱུའི་དགའ་བསུ་ཞུ་རྒྱུ་དང་སྦྲགས་སླད་གློག་བརྙན་ཁང་གིས་མུ་མཐུད་འབད་བརྩོན་བྱས་ནས་གློག་བརྙན་ལྟ་མཁན་གྲོང་མིར་སྔར་ལས་ལྷག་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ལ་རྒྱ་ཆེའི་གྲོང་མི་ཚོས་གློག་བརྙན་ཁང་གི་སྤྱི་སྟེགས་ཨང་རྟགས་ལ་དོ་ཁུར་གནང་ནས་གློག་བརྙན་གྱི་ཆ་འཕྲིན་གསར་ཤོས་མཁྱེན་རྟོགས་གནང་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག

 

རྩོམ་སྒྲིག་པ། ཁོན་ཐར་འཚོ།