དར་ཤིང་ལས་འཕྲོས་པའི་འབྱུང་ཁམས་སྲུང་སྐྱོང་གི་ཕུགས་འདུན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

 དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར་ལོ་གསར་བསུ་བའི་གྲ་སྒྲིག་ལས་དོན་ཁག་སྤེལ་འགོ་ཚུགས་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན། ལྷག་པར་དུ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་བསྟུན་ནས་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་གྲོན་ཆུང་དང་། སྦགས་བཙོག་མི་བཟོ་བ། གཏོར་སྐྱོན་མི་ཐེབས་པ་སོགས་ཀྱི་ལོ་གསར་གཏོང་རྒྱུ་དེ་དར་སྲོལ་ཞིག་ཏུ་གྱུར་ཡོད།

       བོད་དུ་ཁང་པའི་ཐོག་ཁར་དར་ལྕོག་བཙུགས་ནས་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་བཟང་པོ་མཚོན་པར་བྱེད་པའི་སྲོལ་རྒྱུན་ཡོད་ཅིང་། ལོ་ལྟར་བོད་ཀྱི་ལོ་གསར་མ་འཆར་གོང་། ཁྲོམ་གཞུང་ཁག་ཏུ་ཚོན་ལྔའི་དར་གྱིས་བརྒྱན་པའི་དར་ལྕོག་ཚོང་མཁན་མང་པོ་མཐོང་རྒྱུ་ཡོད། དེས་མི་རྣམས་ལ་ལོ་གསར་འཆར་ལ་ཉེ་བའི་དྲན་སྐུལ་བྱེད་པ་དང་འདྲ་བར་ལོ་གསར་གྱི་སྟ་གོན་བྱེད་པར་སྐུལ་མ་ཡང་གཏོང་གི་ཡོད། ཚོད་རྩིས་བྱས་པར་གཞིགས་ན། ལོ་ལྟར་བོད་ཀྱི་ལོ་གསར་སྐབས་ལྕང་མ་རྐང་ས་ཡ་གསུམ་ལ་ཉེ་བ་དར་ཤིང་དུ་གཅོད་ཀྱི་ཡོད། བུ་ཆུང་ལགས་ཀྱིས་སྤྱི་ཚོགས་ཀྱི་སྣང་ཚུལ་དེར་དོ་སྣང་ཆེན་པོ་བྱུང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ལྷག་བསམ་ཞིག་ལས་ལྕང་མ་གཅོད་པའི་རྣམ་པ་དེར་འགྱུར་ལྡོག་གཏོང་བའི་བློ་ཞིག་སྐྱེས་ཏེ་དར་ཤིང་གི་ཚབ་བྱེད་དངོས་པོ་ཞིག་འཚོལ་ཞིབ་བྱེད་འགོ་ཚུགས་ཡོད།

       བུ་ཆུང་ལགས་ཀྱིས་བརྟག་ཞིབ་བྱས་པ་བརྒྱུད། དར་ལྕོག་འཛུགས་པའི་དམིགས་ཡུལ་ནི་རླུང་རྟ་འཕེལ་བ་དང་། ནད་ཡམས་འཇོམ་པ། བར་ཆད་སེལ་བ་སོགས་ཀྱི་འདུན་པ་བཟང་པོ་མཚོན་པར་བྱེད་པ་ཞིག་ཡིན་པ་དང་། དར་ཤིང་ནི་དེ་བརྟེན་པར་བྱེད་པའི་གནས་ཤིག་ཡིན་པ་ལས་དོན་གྱི་ནུས་པ་ཐོན་པར་དགེ་མཚན་ལྡན་མེད་གཤིས། ཁོར་ཡུག་ལ་གཏོར་སྐྱོན་མི་འགྲོ་བའི་ཚབ་བྱེད་དངོས་པོ་གཞན་ཞིག་གིས་དར་ཤིང་གི་ཚབ་ཡོངས་སུ་བྱེད་ཐུབ་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད། དུས་ཡུན་ལོ་གཉིས་ཙམ་ཞིབ་འཇུག་དང་། ཚོད་ལྟ་བྱས་པ་བརྒྱུད། 2024ལོའི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར་རྒྱུ་ཆ་འགྱིག་ལས་བཟོས་པའི་ལྗང་འགྱུར་ཤིང་ནགས་དར་ཤིང་ཁྲོམ་རར་བཏོན་པ་དང་། རང་བྱུང་ཁམས་སུ་སྐྱེས་པའི་ལྕང་མའི་དབྱིབས་དང་འདྲ་ལ། ཉི་འགོག་རླུང་འགོག་ཐུབ་པའི་དར་ཤིང་དེར་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།

       ལྗང་འགྱུར་ཤིང་ནགས་དར་ཤིང་ཁྲོམ་རར་བཏོན་པ་དེས་ལོ་གསར་གྱི་ཁྲོམ་ར་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུ་མ་ཟད། བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ནང་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད། ལོ་གསར་པར་དེང་རབས་ལག་རྩལ་དང་། སྲོལ་རྒྱུན་གོམས་སྲོལ་ཟུང་དུ་སྦྲེལ་བའི་ལྗང་འགྱུར་ཤིང་ནགས་དར་ཤིང་ལ་ཚོན་ལྔའི་དར་གྱི་བརྒྱན་ཏེ་བོད་རིགས་མང་ཚོགས་ཀྱི་ཐོག་ཁར་འཛུགས་རྒྱུ་མ་ཟད། ཁོ་ཚོའི་ལོ་གསར་པའི་ཕུགས་འདུན་བཟང་པོ་ཡང་དུས་བསྟུན་གྱི་འདུ་ཤེས་དང་འགྲོགས་ནས་མངོན་འགྱུར་ཐུབ་ངེས་རེད། 

 

རྩོམ་སྒྲིག་པ། ཁོན་ཐར་འཚོ།