དཔྱིད་གསར་གྱི་འགྲུལ་བཞུད། ཕ་ཁྱིམ་དྲོད་མོའི་མགྲོན་བརྡ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     དཔྱིད་གསར་སྐྱེལ་འདྲེན་ནི་ཡུལ་སྐོར་གྱི་འགོ་འཛུགས་ས་ཞིག་ཡིན་ལ། ཕ་ཁྱིམ་དྲོད་མོའི་འབོད་བརྡ་ཞིག་ཀྱང་ཡིན་པས་དེ་ནི་དྲན་སེམས་ཀྱིས་ཕྱུག་པའི་དོན་ལྡན་གྱི་འགྲུལ་བཞུད་ཅིག་ཅི་ལ་མིན། དམིགས་བསལ་གྱི་དུས་སྐབས་འདིར་ལྷ་ས་མེ་འཁོར་འབབ་ཚུགས་དེ་ཁྱིམ་ཚང་རེ་རེའི་མཉམ་འཛོམས་དང་བདེ་སྐྱིད་ཀྱི་འབྲེལ་ཐག་ཅིག་ཏུ་གྱུར་ཡོད།

     ལྷ་ས་མེ་འཁོར་འབབ་ཚུགས་འགྲུལ་སྐྱེལ་འཁོར་སྐྱོད་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་དབྱངས་ཅན་ལྷ་མོས། སྤྱི་ལོ་2024ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་སྤྱི་ཟླ་1ཚེས་26ཉིན་ནས་སྤྱི་ཟླ་3ཚེས་5ཉིན་བར་ཏེ་དུས་ཡུན་ཉིན་40ཡིན་ཞིང་། དམིགས་བསལ་གྱི་དུས་སྐབས་འདིར་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་25སྐྱེལ་འདྲེན་བྱ་རྒྱུ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་0.63སྐྱེལ་འདྲེན་བྱ་རྒྱུ་ཡིན་པས་དེ་ནི་སྤྱི་ལོ་2023ལོ་ལས་8.6%འཕར་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།

     གནའ་གྲོང་ལྷ་སའི་ཕྱོགས་བཞིའི་ས་འཛིན་དག་ཁ་བའི་འདབ་མས་ལེགས་པར་བརྒྱན་པས་ཆུ་ཤེལ་གྱི་ཏོག་ལྟར་མཛེས་ལ་ལྷ་སའི་མེ་འཁོར་འབབ་ཚུགས་སུ་མི་ཚོགས་ཀྱི་འདུ་འཛི་ཆེ་ཞིང་འགྲུལ་པ་ཚོའི་བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་རང་སོའི་གཏམ་རྒྱུད་མི་འདྲ་བ་རེ་རུམ་དུ་འཁྱེར་ནས་བརྗེད་པར་དཀའ་བའི་འགྲུལ་བཞུད་བརྒྱུད་ཕ་ཡུལ་དུ་ནང་མི་སྤུན་མཆེད་དང་མཉམ་དུ་གནམ་ལོ་གསར་པའི་སྐྱ་རེངས་བསུ་བའི་འགྲུལ་བཞུད་ལ་བྲེལ་བཞིན་མཆིས།

     དབྱངས་ཅན་ལྷ་མོས། དཔྱིད་གསར་སྐྱེལ་འདྲེན་གྱི་བྲེལ་འཚུབ་དང་འགྲན་སློང་གི་མདུན་དུ་ང་ཚོ་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ལས་བཟོ་ཡོངས་ཀྱིས་ལས་གནས་བརྟན་སྲུང་དང་། འགན་སེམས་ཆེན་པོ། ལས་བཀུར་སྙིང་སྟོབས་བཅས་ལ་བརྟེན་ནས་འགྲུལ་པ་ཚང་མར་བདེ་འཇགས་དང་སྐྱིད་སྣང་ལྡན་པའི་འགྲུལ་བཞུད་ཅིག་འགན་ལེན་བྱ་རྒྱུ་དང་། ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞབས་ཞུ་གོང་དུ་བཀུར་བའི་དུས་རབས་གསར་པའི་མེ་འཁོར་ལས་དོན་པའི་འདུ་ཤེས་བཅངས་ནས་ལམ་བར་གྱི་གཏམ་རྒྱུད་ཚང་མར་དྲོ་སྐྱིད་དང་སེམས་འགུལ་ཐེབས་སུ་འཇུག་གི་ཡིན་ཞེས་བརྗོད་བྱུང་།

རྩོམ་སྒྲིག་པ། ཁོན་ཐར་འཚོ།