【ཚོགས་ཆེན་གཉིས་གནད་གླེང་། 】 གཞི་རིམ་གྱི་འདུན་པ་བཟང་བོ་བསྣམས་ནས་མང་ཚོགས་ཀྱི་མགྲིན་ཚབ་བཟང་བོ་བྱེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཁ་སང་དེ་རིང་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་དུས་ལྟར་ཚོགས་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་འཐུས་མི་རྣམས་གྲོང་ཁྱེར་ཟི་ལིང་དུ་འཛོམས་ཏེ་ཚོགས་ཆེན་ལ་འབྱོར་ཐོ་བཀོད།  ཁོ་ཚོས་འདྲུད་སྒམ་ནང་དུ་གྲོས་གཞི་དང་གྲོས་འགོ་གསར་པ་བཅུག་ཅིང་། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་མངགས་བཅོལ། དེ་མིན་གཞི་རིམ་མང་ཚོགས་ཀྱི་སེམས་འདུན་དང་གཏམ་བཟང་བཅས་བཅུག་ཡོད།   མ་འོང་བའི་ཉིན་འདི་དག་རིང་ལ།  ཁོ་ཚོས་རང་འགན་ཁུར་དུ་བླངས་ནས་མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ལ་བློ་འདོན་ཇུས་འབུལ་བྱ་རྒྱུ་རེད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཡན་ལིང་ཏུང་གིས་མཚོ་སྔོན་གྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་སྐོར་གླེང་བ། 

གནམ་གཤིས་བརྟག་དཔྱད་ཀྱི་ལས་ཀ་གཉེར་པའི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་ཐེངས་འདིའི་ཚོགས་ཆེན་ལ་ཞུགས་ཐུབ་པར་དགའ་སྤྲོ་ཆེན་ཞིག་སྐྱེས་བྱུང་ལ།  འགན་འཁྲི་ཧ་ཅང་ལྕི་བའི་ཚོར་བ་ཞིག་ཀྱང་སྦྱིན་སོང་། ངས་དམངས་ཀྱི་དོན་དུ་འགན་འཁྲི་ཁུར་དུ་བླངས་ཤིང་། བྱ་གཞག་སེམས་ལ་བཅངས་པ་དང་།  ཕྲག་འགན་ཁུར་དུ་བླངས་ནས་ཨུ་ཡོན་གྱི་ལས་འགན་ལག་བསྟར་ནན་ཏན་བྱ་རྒྱུ་ཞེས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་རིམ་པ་མཐོ་བའི་བཟོ་སྐྲུན་པ་ཡན་ལིང་ཏུང་གིས་དེ་སྐད་ཟེར།

 ཁོས་འདི་སྐད། “སྔོན་ཆད།   ཚད་གཞི་མཐོ་ཤོས་ཀྱི་ས་ཞིང་འཛུགས་སྐྲུན་སྐོར་གྱི་འཆར་འགོད་ཁྲོད།  གནམ་གཤིས་ཀྱིས་འབྲུ་རིགས་ཐོན་སྐྱེད་ལ་གནོད་པ་ཐེབས་པའི་ནང་དོན་སྐོར་མེད་པས།  དེ་སྔ་ཡུལ་དངོས་སུ་རྟོག་ཞིབ་བྱས་པའི་གནས་ཚུལ་གཞིར་བཟུང་སྟེ། འདིའི་ཕྱོགས་ནས་བསམ་འཆར་ཞིག་འདོན་འདོད་ཡོད་པས། དེ་ལ་དོ་སྣང་ཐོབ་པར་རེ་བ་བཅིངས་ཡོད་ཟེར། ”

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་གཡང་དྲུང་ཐར་གྱིས་ཞིང་གྲོང་ཡུལ་སྐོར་གོང་དུ་སྤེལ་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་གཏང་སྐོར་གྱི་བསམ་འཆར། 

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་གཡང་དྲུང་ཐར་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད།  ཐེངས་འདི་ནི་ཁོ་རང་ཚོགས་ཆེན་གཉིས་ལ་ཞུགས་ཐེངས་གསུམ་པ་རེད།  ཁོས་འདི་སྐད། “ཏང་དང་སྲིད་གཞུང་གིས་གཞི་རིམ་གྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱས་པས་ང་ཚོའི་སྡེ་བ་ཡང་སྔོན་ཆད་ལས་འཕེལ་རྒྱས་ཆེན་པོ་བྱུང་ལ། རང་ཉིད་ཀྱང་ཚུལ་དེ་ལ་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་ཡོད། ”

མཐུན་སྒྲིལ་སྡེ་བས་ཐོན་ལས་གཙོ་བོ་ཡུལ་སྐོར་བྱས་ཡོད།  ཞིང་གྲོང་ཡུལ་སྐོར་གླེང་ཡོང་དུས། ཁོས་འདི་སྐད།  སྡེ་བས“ཐོན་ལས་ཆེན་པོ་དང་། ཡུལ་སྐོར་ཆེན་པོ”ཡི་བསམ་ཕྱོགས་དེ་བཟུང་སྟེ། སྐྱེ་ཁམས་ལྗོངས་གཟིགས་ཀྱི་ཞིང་ལས་དང་། སྤྲོ་གསེང་མྱོང་རོལ་གྱི་ཞིང་ལས།  ཁམས་གསོ་སྤྲོ་འཆམ་གྱི་ཐོན་ལས་གོང་དུ་སྤེལ་བ་ལ་ཤུགས་བསྣན་ནས“དྲ་ཐོག་ཏུ་སྐད་གྲགས་ཆོད་ཡོད་པའི”སྡེ་བ་ཞིག་ཏུ་གྱུར་ཡོད།  ད་ལྟ་སྡེ་བའི་ནང་དམངས་ཤག་དུ་མ་གཉེར་ཡོད་ལ།   ན་ནིང་གི་ཡོང་འབབ་ཅུང་བཟང་།  སྡེ་བ་ཐུན་མོང་གི་དཔལ་འབྱོར10%ནས20%ལ་འཕར་ཡོད། དེ་མིན་སྡེ་བས་ད་དུང་ཁྱད་ལྡན་གསོ་སྤེལ་ལས་རིགས་གོང་དུ་སྤེལ་ཏེ།  འབྲུ་རིགས་དང་སྔོ་ཚན་ལ་དགའ་འོས་བའི་འབྲས་བཟང་ཐོབ་པས་ཞིང་པའི་སྒོར་ཁུག་ཇེ་རྒྱགས་ནས་ཇེ་རྒྱགས་རེད།

ཚོགས་ཆེན་གཉིས་ཀྱི་སྟེང་གཡང་དྲུང་ཐར་གྱིས་ཆེས་དོ་སྣང་བྱེད་འདོད་པ་ནི་སྐྱེ་ཁམས་ཏེ།  སྐྱེ་ཁམས་དཔལ་ཡོན་དར་སྤེལ་དང་ཞིང་གྲོང་དར་སྤེལ་གཉིས་ཇི་ལྟར་མཉམ་འབྲེལ་བྱེད་དགོས་པ་དེ་རེད། ཁོའི་རེ་བ་ནི་སྡེ་བའི་ནང་གི་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་པ་ཟབ་སྦྱོང་དང་དོ་དམ་ལ་ཤུགས་བསྣན་ཏེ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ལ་ནུས་པ་ཆེན་པོ་འདོན་དུ་འཇུག་འདོད་པ་ཡིན། ད་ལོའི་སྡེ་བའི་དམིགས་འབེན་ཡང་ཧ་ཅང་གསལ་བོ་ཡིན། མུ་མཐུད་དུ་ཞིང་གྲོང་ཡུལ་སྐོར་ལ་ཤུགས་བརྒྱབ་ཏེ་ཞིང་གྲོང་གི་ཐུན་མོང་དཔལ་འབྱོར་དར་སྤེལ་བཏང་ནས་མང་ཚོགས་ལ་ཡོང་འབབ་བསྐྲུན་རྒྱུ་ད་ཡིན་ཟེར།

ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་ཝུའུ་ཧའེ་ཡན་གྱིས་རང་ཞིང་གི་རིག་རྩལ་འཇོན་མིའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བསྣན་དགོས་པའི་སྐོར་གྱི་བསམ་འཆར། 

“རྩོམ་རིག་སྒྱུ་རྩལ་གྱི་ལས་སྣེ་བ་ཞིག་ཡིན་པའི་ངོས་ནས་ཐེངས་འདིའི་ཚོགས་ཆེན་ལ་ཞུགས་ཐུབ་པར་བྱུང་བ་དགའ་སྤྲོ་ཚད་མེད་སྐྱེས་ལ། ཕྲག་གི་འགན་ཁུར་ཧ་ཅང་ལྕི་བ་ཡང་ཚོར།   ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི《མུ་མཐའ་མེད་པའི་ཁུ་ནུ》ཞེས་པའི་གཙོ་སྒྲིག་པ།  དགུ་གསམ་སློབ་ཚོགས་ཀྱི་ཁོངས་མི་ཝུའུ་ཧའེ་ཡན་གྱིས་འདི་སྐད།  ད་ལོར་མོས་དོ་སྣང་བྱས་པ་ནི་རིག་གནས་སློབ་གསོ་ཕྱོགས་ཀྱི་གནད་དོན་ཡིན་པས། འདིའི་ཕྱོགས་ཀྱི་ཨུ་ཡོན་གྱི་ལས་འགན་ཁུར་དུ་བླངས་ནས་བློ་འདོན་ཇུས་འབུལ་བྱ་རྒྱུ་ཡིན་ཟེར། ཐེངས་འདིའི་ཚོགས་ཆེན་གཉིས་ལ་ཞུགས་ཆེད། དོན་དངོས་རྟོག་ཞིབ་ནས་སྙན་ཞུ་ལ་ཡང་ཡང་བཟོ་བཅོས་བརྒྱབ་པའི་བར་དང་།  མཐའ་མཇུག“རང་ཞིང་གི་རྩོམ་རིག་སྒྱུ་རྩལ་ཕྱོགས་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར”གྱི་གྲོས་གཞི་ཚོགས་ཐོག་ཏུ་འཁྱེར་བའི་བར་ལ་གྲ་སྒྲིག་གང་ལེགས་བྱས་པ་ཡིན་ཟེར། 

ཝུའུ་ཧའེ་ཡན་གྱིས་འདི་སྐད། ཉེ་བའི་ལོ་རིང་ལ། རང་ཞིང་གི་རྩོམ་རིག་སྒྱུ་རྩལ་ཕྱོགས་ནས་འཇོན་མི་ཕུལ་དུ་བྱུང་བ་སྐོར་ཞིག་བྱུང་ཡོད། ཡིན་ན་ཡང་རྒྱལ་ཡོངས་སུ་སྙན་གྲགས་ཆེ་བའི་མི་སྣ་ཧ་ཅང་དཀོན།  རང་ས་རང་ཡུལ་གྱི་རྩོམ་རིག་སྒྱུ་རྩལ་པར་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་བྱེད་པའི་ནུས་པ་ཞན་སྟབས།  བརྗོད་དོན་ཆེ་ཤོས་ཀྱི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་དགོས་ན“ཕྱི་ཕྱོགས་ཀྱི་ཀླད་ཤུགས”དང་ “ཕྱི་ཕྱོགས་ཀྱི་འཇོན་མིར”བརྟེན་དགོས་པ་རེད།  རེ་བ་ཡིན་ན།  རང་ཞིང་གིས་རྩོམ་རིག་སྒྱུ་རྩལ་གྱི་འཇོན་མིའི་སྤྱི་ཚོགས་ཀྱི་གོ་གནས་མཐོར་འདེགས་དང་། རྩོམ་རིག་སྒྱུ་རྩལ་པའི་རིག་གནས་ཀྱི་རང་རློམ་དང་ཐོབ་ཐང་གི་ངོས་ཟིན་ཇེ་དྲག་ཏུ་གཏང་བ་དང་ཆབས་ཅིག   རང་ཞིང་གི་ད་ཡོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཐོན་ཁུངས་བེད་སྤྱད་དེ།  འཇོན་མིའི་ལམ་ཁ་ཇེ་ཡངས་དང་འཇོན་མིའི་ཕོགས་ཐོབ་ལ་འགན་ལེན། ཧུར་སེམས་ལ་སྐུལ་མ་གང་ལེགས་བཅས་བཏང་ནས་མཚོ་སྔོན་གྱི་ལྟ་ན་སྡུག་པའི་འཛིན་མ་འདིར་རྩོམ་རིག་སྒྱུ་རྩལ་གྱི་གོ་སྐབས་གསར་པ་ཡང་བསྐྱར་གསོན་ཉམས་དང་བཅས་མངོན་དུ་འཇུག་ཐུབ་རྒྱུ་དེ་ཡིན་ཟེར།

རྩོམ་སྒྲིག་པ། ཁོན་ཐར་འཚོ།