མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས27ཉིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་ལྟར་ན། གསར་དུ་བཏོན་པའི《མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་སྤུས་ལེགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ཁྲིད་སྟོན་བསམ་འཆར》ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་མ་བཅོས་རྒྱུ་ཆ་ཐོན་སྐྱེད་དང་། འཐེན་ཐུག་གི་ཁུ་བའི་སྡེབ་སྦྱོར། དྲོ་རྫས་སྡེབ་སྦྱོར། འཐེན་ཐུག་བཟོ་བ། འཁྱག་རྫས་སྐྱེལ་འདྲེན། འཕྲོད་བསྟེན་འགོག་ཟོན། ཞབས་ཞུའི་སྤུས་ཚད་སོགས་ལ་དམིགས་ནས་འཐེན་ཐུག་ཐོན་ལས་ལས་རིགས་ཀྱི་ཚད་གཞིའི་མ་ལག་མགྱོགས་པོར་གཟུག་རྒྱུ་དང་། མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་མཐུན་ཚོགས་ཀྱིས་སྣེ་ཁྲིད་ནས་འཐེན་ཐུག་གི་ཚད་གཞི་བཟོས་ཏེ། རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་མཐོ་རུ་བཏང་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འབྲེལ་ཡོད་ཚད་གཞི་དང་ཐོན་ལས་ཕྲེང་བ་ཡོངས་ཀྱི་ཚད་ལྡན་ཅན་གྱི་ཆུ་ཚད་བཅས་ཇེ་མཐོ་གཏང་རྒྱུ་རེད།
དུས་མཚུངས་སུ། རང་ཞིང་གིས་ད་དུང་མཚོ་སྔོན་གྱི་འཐེན་ཐུག་མཐུན་ཚོགས་ལ་རྒྱབ་སྐྱོར་བྱས་ནས་ལམ་ལུགས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བར་ཁྲིད་སྟོན་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། ལས་རིགས་ནང་ཁུལ་གྱི་སྦྲེལ་ཟམ་ནུས་པ་དང་རང་ངོས་ཀྱི་ཚད་གཞི་དང་ཚོད་འཛིན་ནུས་པ་འདོན་སྤེལ་བྱས་ཏེ། འཐེན་ཐུག་གཉེར་སྐྱོང་མཁན་གྱི་ཁྲིམས་མཐུན་ཡིད་རྟོན་རུང་བའི་གཉེར་སྐྱོང་དང་། གོ་རིམ་ལྡན་ཞིང་འགྲན་རྩོད་དྲང་གཞག་ཡིན་པ། ཞབས་ཞུའི་སྤུས་ཚད་འགན་ལེན་སོགས་ལ་ལྟ་སྐུལ་ནུས་ལྡན་དང་། ཁྲིད་སྟོན་ཚད་ལྡན་བཅས་བྱས་ནས་འཐེན་ཐུག་ལས་རིགས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ནས་འཐེན་ཐུག་ཐོན་ལས་འཕེལ་རྒྱས་སྐྱོན་དང་བྲལ་བར་སྐུལ་འདེད་གཏང་རྒྱུ་རེད། རིགས་སོ་སོའི་ལས་རིགས་སློབ་གླིང་དང་ལས་རིགས་གསོ་སྦྱོང་ལས་ཁུངས་ལ་བརྟེན་ནས་འཐེན་ཐུག་ཐོན་ལས་ཀྱི་འབྲེལ་ཡོད་ཆེད་ལས་ལས་རིགས་སློབ་གསོ་དང་འབྲེལ་ཡོད་ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་གི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ནས། ཆེད་ལས་རྩལ་ནུས་ལྡན་པའི་ལས་ཞུགས་པ་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་དང་། གསོ་སྦྱོང་གི་ཁ་གསབ་ཚད་གཞི་ལེགས་སྒྲིག་བྱས་ཏེ་གསོ་སྦྱོང་གཉེར་མཁན་གྱིས་འཐེན་ཐུག་ལས་ཞུགས་པ་གསོ་སྐྱོང་བྱེད་པའི་རྣམ་གྲངས་གཉེར་བའི་ཧུར་བརྩོན་རང་བཞིན་སྔར་ལས་ཆེ་རུ་གཏང་རྒྱུ་རེད།
རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་། བེད་སྤྱོད། གདེང་འཇོག སྐུལ་ལྕག་བཅས་ཀྱི་ལ་ཐབས་ལམ་བཏོན་ཏེ། ལས་རིགས(ལག་རྩལ་བཟོ་པའི)སློབ་གླིང་དང་། ཁེ་ལས། ཞིང་ཆེན་རིམ་པའི་ལས་རིགས་མཐུན་ཚོགས་བཅས་ལ་སྐུལ་ལྕག་བྱས་ཏེ། ཆེད་ལས་ནུས་པའི་དཔྱད་ཞིབ་ཚད་གཞི་གཞིར་བཟུང་ནས། མཚོ་སྔོན་གྱི་འཐེན་ཐུག་བཟོ་བའི་ཆེད་དོན་ལས་རིགས་ཀྱི་ནུས་པར་དཔྱད་ཞིབ་དང་ཆེད་དོན་ལས་རིགས་ཀྱི་ནུས་པར་དཔྱད་ཞིབ་ཁས་ལེན་བྱས་ནས་འཛིན་ཡིག་སྤྲད་རྒྱུ་རེད། རིགས་སོ་སོའི་ལས་རིགས(ལག་རྩལ་བཟོ་པའི)སློབ་གླིང་དག་ཀྲུང་ལུགས་ཀྱི་འཐེན་ཐུག་བཟོ་མཁན་སོགས་ལས་རིགས་རྩལ་ནུས་རིམ་པ་གཏན་འཁེལ་དང་ཆེད་དམིགས་ལས་རིགས་ནུས་པར་དཔྱད་ཞིབ་ལ་ཞུགས་པར་རྒྱབ་སྐྱོར་བྱ་དགོས། འཐེན་ཐུག་ཐོན་ལས་ཀྱི་ལས་ཞུགས་པའི་ལས་རིགས་རྩལ་ནུས་ཆེ་རུ་གཏོང་བར་ལྕག་སྐུལ་བྱས་ནས། ལས་ཤོར་འགན་བཅོལ་ནང་ཞུགས་པ་དང་ཀྲུང་ལུགས་ཀྱི་འཐེན་ཐུག་བཟོ་མཁན་སོགས་འབྲེལ་ཡོད་ལས་རིགས་རྩལ་ནུས་རིམ་པའི་ལག་རྟགས་ལེན་མཁན་ལ་ཁ་གསབ་ངེས་ཅན་སྤྲད་རྒྱུ་རེད།
གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་འབྲེལ་ཡོད་སྡེ་ཁག་དང་། ལས་རིགས་མཐུན་ཚོགས། ཁེ་ལས་བཅས་ལ་རྒྱབ་སྐྱོར་བྱས་ནས། འཐེན་ཐུག་ཐོན་ལས་ཀྱི་ལས་རིགས་རྩལ་ནུས་འགྲན་སྡུར་དང་། ལས་གནས་སྦྱོང་བརྡར། ལག་རྩལ་འགྲན་སྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས། བྱ་དགའ་དང་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་མ་ཟད། འགྲན་སྡུར་བྱས་འབྲས་དེ་ཆེད་དོན་ལས་རིགས་ནུས་པར་དཔྱད་ཞིབ་དང་། ལས་རིགས་གདེང་འཇོག ཞབས་ཞུ་དཔྱད་འདེམས་སོགས་དང་འབྲེལ་ནས་ དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།