ཕྲུ་གུ་སྐྱེས་པའི་གསོ་རིག་གི་དཔང་ཡིག་སྐོར་ནས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་བྱེད་ཐབས་བཏོན་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཉིན་སྔོན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བས་གནས་ཚུལ་སྤེལ་བར་གཞིགས་ན།    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཕྲུ་གུ་སྐྱེས་པའི་གསོ་རིག་གི་དཔང་ཡིག་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། འབྲེལ་ཡོད་ས་གནས་སུ་ཕྲུ་གུ་སྐྱེས་པའི་གསོ་རིག་དཔང་ཡིག་གི་བར་ཚོང་རྒྱག་པ་སོགས་ཀྱི་འབྲེལ་ཡོད་གནད་དོན་ཡོད་པར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་བཞིན་ཡོད་པ་དང་།    ཧུའུ་པེ་ཤང་དབྱང་དང་།    ཀོང་ཏུང་ཧྥུའུ་ཧྲན།    ཀོང་ཤིས་ནན་ཉིང་སོགས་ས་ཁུལ་དུ་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་མངགས་གཏོང་བྱས་ནས་ཞིབ་བཤེར་མཐར་ཕྱིན་པ་བྱེད་པ་དང་།    སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་སློག་པ།     འབྲེལ་ཡོད་འགན་འཁྲི་བདའ་འདེད་བཅས་ལ་ལྟ་སྐུལ་ཐོག་མཛུབ་ཁྲིད་བྱས་ཡོད།     

《ཕྲུ་གུ་སྐྱེས་པའི་གསོ་རིག་གི་དཔང་ཡིག》ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་བུའི་ལུས་ཁམས་བདེ་སྲུང་གི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བཟོས་པའི་ཁྲིམས་བཀོད་གསོ་རིག་གི་བདེན་དཔང་ཡིག་ཆ་ཞིག་ཡིན་ལ།    སྤྱི་བདེ་ལས་ཁུངས་ཀྱིས་གསར་སྐྱེས་ཕྲུ་གུའི་ཐེམ་ཐོ་ཐོ་འགོད་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན།     

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བྱིས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་།    མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ།    རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་གཏོར་བརླག་གཏོང་བ།   ལྷག་པར་དུ་ཕྲུ་གུ་སྐྱེས་པའི་གསོ་རིག་གི་དཔང་ཡིག་རྫུན་བཟོ་བྱེད་པ་བཅས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་རྒྱ་ཡན་དུ་གཏན་ནས་མི་གཏོང་བར་ཤེས་རྟོགས་ཐུབ་ཚེ་མྱུར་དུ་ཞིབ་བཤེར་ཐག་གཅོད་བྱས་ཏེ། སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཕྲུ་གུ་སྐྱེས་པའི་གསོ་རིག་གི་དཔང་ཡིག་ཕྱོགས་ཀྱི་ལོག་ཚོང་རྒྱག་མཁན་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏང་རྒྱུ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་སྨན་དོན་མི་སྣར་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པས།      ཚང་མས་ས་གནས་དེ་གའི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་ལས་ཁུངས་ལ་འབྲེལ་ཡོད་ཁུངས་སྣེ་ཐེར་འདོན་བྱེད་པར་དགའ་བསུ་ཞུ།     

སླད་ཕྱིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་སྒྲིག་གཞིར་ནང་ཁུལ་གྱི་དོ་དམ་ལམ་སྲོལ་དང་བརྒྱུད་རིམ་སྔར་བས་འཐུས་ཚང་ལ་མཛུབ་ཁྲིད་བྱ་རྒྱུ་མ་ཟད། ད་དུང་རྒྱལ་ཡོངས་སུ་ཕྲུ་གུ་སྐྱེས་པའི་གསོ་རིག་གི་དཔང་ཡིག་ཚད་ལྡན་དོ་དམ་ལ་ཆེད་དོན་ཞིབ་བཤེར་བྱ་རྒྱུ་རེད།     

རྩོམ་སྒྲིག་པ། ཨ་གཡང་སྐྱིད།