ཚེས་28ཉིན་གྱི་སྔ་དྲོ། སི་ཁྲོན་ཁྲེང་ཏུའུ་ནས་མཚོ་སྔོན་ཟི་ལིང་བར་གྱི་ལྕགས་ལམ་སྟེ། ཁྲོན་མཚོ་ལྕགས་ལམ་གྱི་ཆིང་པའེ་ཅང་ཤར་མ་ནས་ཀྲེན་ཅང་ཀོན་བར་གྱི་ལྕགས་ལམ་བསྐྲུན་ནས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། ལམ་དུམ་བུ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་206ཡོད་པ་དང་ལམ་ཐིག་ཧྲིལ་པོར་སན་ཤིང་ཏུའེ་དང་། ཨན་ཀྲོའུ། སི་ཁྲོན་རྔ་བ་ཁུལ་མའོ་རྫོང་སོགས་འབབ་ཚུགས་10ཡོད་ཅིང་། ཁྲེང་ཏུའུ་ཤར་འབབ་ཚུགས་ནས་སན་ཤིང་ཏུའེ་དང་ཀྲེན་ཅང་ཀོན་འབབ་ཚུགས་བར་མགྱོགས་ཤོས་སྐབས་ཁག་སོ་སོར་སྐར་མ་18དང་སྐར་མ་86ལས་འགོར་གྱི་མེད། ལམ་དུམ་བུ་དེ་ཤར་གཏོང་ཐུབ་རྗེས། སི་ཁྲོན་ནུབ་བྱང་རྒྱུད་དུ་ལྕགས་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་ལམ་རྒྱུད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་འགྲོ་སྐྱོད་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཁྲོན་མཚོ་ལྕགས་ལམ་ནི་ཁྲེང་ཏུའུ་ཤར་འབབ་ཚུགས་ནས་འགོ་ཚུགས་ཤིང་། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་བཅས་བརྒྱུད་དེ་ཟི་ལིང་འབབ་ཚུགས་ལ་མཐུད་འཇུག་བྱས་ཡོད་པ་དང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་836ཙམ་ཟིན་པ། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་200འཆར་འགོད་བྱས་ཡོད་ཅིང་། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་ལམ་ཐིག་གཉིས་ལྡན་གྱི་ལྕགས་ལམ་ཞིག་ཡིན། ལམ་ཐིག་ཧྲིལ་པོ་ལམ་དུམ་དུ་བགོས་ཏེ་འཛུགས་སྐྲུན་བྱས་པ་དང་། དེའི་ནང་ཁྲེང་ཏུའུ་ཤར་འབབ་ཚུགས་ནས་ཆིང་པའེ་ཅང་ཤར་མའི་ལམ་དུམ་དང་། མཚོ་ཤར་ནས་ཟི་ལིང་བར་གྱི་ལམ་དུམ་དེ་ཤིས་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་དང་འབྲེལ་མཐུད་བྱས་ཡོད་པ་མ་ཟད་ཤར་གཏོང་ཐུབ་ཟིན། ཀྲེན་ཅང་ཀོན་ནས་མཚོ་ཤར་ནུབ་རྒྱུད་བར་གྱི་ལྕགས་ལམ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། ད་ཐེངས་ཤར་གཏོང་ཐུབ་པ་ནི་ཆིང་པའེ་ཅང་ནས་ཀྲེན་ཅང་ཀོན་བར་གྱི་ལམ་དུམ་ཡིན། འབྱུང་འགྱུར་ཁྲོན་མཚོ་ལྕགས་ལམ་བརྒྱུད་གཟི་ཚ་སྡེ་དགུ་དང་། ཧོང་ལུང་། ཟུང་ཆུ་བཅས་སུ་བསྐྱོད་ཆོག་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ཁྲེང་ཏུའུ་བར་ཐད་ཀར་འགྲོ་འོང་བྱ་ཆོག
རྩོམ་སྒྲིག་པ། ཁོན་ཐར་འཚོ།