མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་གསལ་ལྟར་ན། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་དུས་ཚིགས་ལྟར་ཞིང་ཆེན་ཡོངས་ཀྱི་ཁེ་ལས73གྱི་རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་བསྡོམས་རྩིས་བརྟག་དཔྱད་ལས་དོན་བདེ་བླག་ངང་བསྒྲུབས།
རྫས་འགྱུར་དངོས་པོའི་ཁོར་ཡུག་གི་ཆ་འཕྲིན་བསྡོམས་རྩིས་དང་བརྟག་དཔྱད་ནི་སྦགས་བཙོག་དངོས་པོ་གསར་པར་བཅོས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན། བརྟག་དཔྱད་ལས་དོན་སྤེལ་བའི་རིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་འགན་འཁྲིའི་ལས་བགོས་སྔར་ལས་ཁ་གསལ་བཟོས་ནས། གསོ་སྦྱོང་ལས་དོན་པས་རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་བསྡོམས་རྩིས་བརྟག་དཔྱད་ལས་དོན་གྱི་བླང་བྱ་དང་ཆ་འཕྲིན་དོ་དམ་མ་ལག་རེའུ་མིག་བཀོད་འབུལ་སོགས་ལས་སྒོའི་ཤེས་བྱ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པ་དང་། ཆེད་མཁས་པའི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཁེ་ལས་ཀྱི་རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་རེའུ་མིག་བཀོད་འབུལ་ལས་དོན་ལ་ཡུལ་དངོས་སུ་ཁྲིད་སྟོན་བྱས། དེ་དང་ཆབས་ཅིག་ཏུ། གཞི་གྲངས་ཆ་ཚང་དང་། ཡང་དག་རང་བཞིན། གཏན་ཚིགས་རང་བཞིན་བཅས་ལ་ཞིབ་བཤེར་བྱ་རྒྱུ་གཙོ་གནད་དུ་བྱས་ནས། ཡུལ་དངོས་སུ་གཅིག་སྡུད་ཞིབ་དཔྱད་དང་ཁ་པར་ཞིབ་དཔྱད་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁེ་ལས་ལས་རིགས་ཀྱི་རིགས་དང་། རྫས་འགྱུར་དངོས་རྫས་ཉོ་ཚོང་གི་དཔྱད་གཞི། མཛོད་བཅུག་རྩིས་ཐོ་སོགས་ལ་ཞིབ་དཔྱད་བྱས། ལས་རིགས་གཅིག་མཚུངས་དང་ཐོན་སྐྱེད་བཟོ་རྩལ་ཁེ་ལས་དབར་གོང་འོག་བསྡུར་བའི་ཐོག་ནས་རིམ་པ་བཞིན་བརྟག་དཔྱད་གཞི་གྲངས་ཞིབ་དཔྱད་བྱས་ཤིང་། གཞི་གྲངས་རེའུ་མིག་བཀོད་འབུལ་གྱི་སྤུས་ཚད་འགན་ལེན་དང་། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་པའི་ཚོད་ལྟའི་རྣམ་གྲངས་དེ2024ལོའི་ཞིང་ཆེན་རིམ་པའི་ཆེད་སྤྱོད་མ་དངུལ་སྔོན་རྩིས་ནང་བཅུག་ནས། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འགན་ལེན་བྱ་རྒྱུ་རེད།
ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ལས་རིགས122དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་ཡུལ་དངོས་སུ་བརྟག་དཔྱད་ཚད་ལེན་དང་ལས་རིགས་ཀྱི་ཚབ་ཨང་ཆུང་ངུ་གདམ་གསེས་སོགས་བརྒྱུད་དེ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བརྟག་དཔྱད་ཁྱབ་ཁོངས་ནང་ཁེ་ལས73གཏན་འཁེལ་བྱས། བརྟག་དཔྱད་བྱ་ཡུལ་ནི་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་རེད། བརྟག་དཔྱད་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་རིགས་ནི་གཙོ་བོ་རྫས་འགྱུར་རྒྱུ་ཆ་དང་། རྫས་འགྱུར་ཐོན་རྫས་བཟོ་སྐྲུན་ལས་རིགས། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་གནོན་སྲིང་ལས་སྣོན་ལས་རིགས། གློག་རྡུལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས། གསོ་རིག་དང་སྨན་རྫས་བཟོ་སྐྲུན་ལས་རིགས། རྡོ་སྣུམ། རྡོ་སོལ། འབར་རྫས་ལས་སྣོན་ལས་རིགས་གཞན་དག་སོགས་རེད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།