མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་བའི་ལོ་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བྱེ་འགྱུར་ལ་ཕྱོགས་བསྡུས་བཅོས་སྐྱོང་དང་། “བྱང་གསུམ”སོགས་ལས་གཞི་གལ་ཆེན་འཛུགས་སྐྱོང་ལ་སྐུལ་འདེད། རྒྱལ་ཁོངས་ས་ཞིང་སྔོ་སྒྱུར་ལ་ཚན་རིག་དང་མཐུན་པས་སྐུལ་འདེད་བཅས་བྱས་ཏེ། བྱེ་འགོག་བྱེ་བཅོས་ལ་ཕན་འབྲས་བཟང་པོ་ཐོབ། ད་སྔའི་བར་དུ། སྔ་གཞུག་ཏུ་བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི82.67བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཞིང་བྱེ་འགྱུར་བཀག་སྡོམ་སྲུང་སྐྱོབ་ཁུལ12ཡོངས་སུ་གྲུབ། ས་ཞིང་བྱེ་འགྱུར་གྱི་ཆ་སྙོམས་སྤྱི་ཆིང་ཁྲི2.12ཇེ་ཆུང་དུ་ཕྱིན། བྱེ་འགྱུར་ཚད་རིམ་གྱི་དམིགས་གྲངས3.17ནས2.94ལ་འཆག་པས་རྩ་བའི་ཆ་ནས་བྱེ་ཁུལ“བྱེ་འགྱུར”ནས“སྔོ་སྒྱུར”ཐུབ་ཡོད།
རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ། མཚོ་སྔོན་གྱིས“བྱང་གསུམ”ནགས་སྲུང་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ། ཕྱུགས་སྐྱུར་རྩྭ་གསོ། རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། རྩྭ་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་། རྩྭ་ས་ཉམས་ཞན་དང་བྱེ་འགྱུར་བཅོས་སྐྱོང་བྱས་པ་དང་། ནགས་(རྩྭ)དཔོན་ལམ་ལུགས་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ལྟ་སྲུང་བའི་རུ་དཔུང་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། བྱེ་ཁུལ་གྱི་སྐྱེ་དངོས་ཡོངས་དྲ་མིག་ཅན་གྱི་དོ་དམ་མ་ལག་ཁྲོད་བླངས་པར་མ་ཟད་སྲུང་སྐྱོབ་བཟང་པོ་ཐོབ།
རི་ཆུ་ནགས་ཞིང་འཚེའུ་རྩྭ་ས་བྱེ་ས་འཁྱགས་རོམ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། བྱེ་འགྱུར་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་དང་བསྡམས་རྒྱ་སྲུང་སྐྱོབ་བྱས་ནས་བྱེ་ཁུལ་གྱི་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བྱས། གཏེར་ལམ་རྫོང་དང་། མང་རྫོང་། ན་གོར་མོ་གྲོང་ཁྱེར། གསེར་ཆེན་རྫོང་། མདའ་གཞི་རྫོང་བཅས་རྫོང་རིམ་པའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ལྔའི་འཛུགས་སྐྲུན་སྲ་བརྟན་དུ་བཏང་པ་དང་། མཚོ་ལྷོ་ཁུལ་གྱི་བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་མགྱོགས་པོར་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་ས་ཞིང་བྱེ་འགྱུར་རྒྱ་བསྡམས་སྲུང་སྐྱོབ་ཁུལ12གྱི“ཚད་གཞི་ཅན། གཞི་གྲངས་ཅན། རིག་ནུས་ཅན ”གྱི་ནུས་པའི་མ་ལག་འཛུགས་སྐྱོང་དང་ཕན་འབྲས་དཔྱད་ཞིབ་ཚད། དེ་མིན་ཉིན་རྒྱུན་གྱི་སྐོར་ཞིབ་ལྟ་རྟོག་བཅས་ལ་ཁྱོན་ཡོངས་ནས་ཤུགས་བསྣན།
ས་ཞིང་བྱེ་འགྱུར་གྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། “འོད་ཧྥུ་དང་བྱེ་བཅོས་ཟུང་འབྲེལ”གྱི་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ནུས་ཁུངས་གཙང་མ་དང་བྱེ་འགོག་བྱེ་བཅོས་མཉམ་སྤེལ་ལ་སྐུལ་འདེད་བཏང་། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་བཏུལ་ཐང་གི་འོད་ཧྥུ་གླིང་ཁུལ་དང་ཉེ་འཁོར་གྱི་བྱེ་འགྱུར་སྤྱི་ཆིང་ཁྲི2.78ས་ཞིང་བཅོས་སྐྱོང་བྱས་ཏེ། “ནགས+སིལ་ཏོག+སྨན་རྩྭ”“ནགས+རྩྭ་ས+འབྲོག་པ”ཡི་གཉེར་སྐྱོང་བྱེད་སྟངས་གྲུབ་པར་མ་ཟད། དམིགས་བསལ་དཔལ་འབྱོར་ནགས་ཚལ་དང་། སྐྱེ་ཁམས་ཡུལ་སྐོར། ནགས་ལས་དཔལ་འབྱོར། རྩྭ་སའི་ཐོན་ལས་སོགས་འདེགས་སྐྱོར་ཐོན་ལས་ཁྱད་ཆོས་ཅན་གྲུབ་ནས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ས། ཐོན་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར394ལ་བསླེབས་པ་དང་། རོང་འབྲོག་པ་ཁྲི79སྐུལ་ཁྲིད་བྱས་ཏེ་ཆ་སྙོམས་ཡོང་འབབ་སྒོར2530ལ་བསླེབས།
དེ་དང་ཆབས་ཅིག་ཏུ་མཚོ་སྔོན་ནི“སྲུང་ཡོལ་གཉིས་དང་རྒྱུད་གསུམ”གྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་རྣམ་པ་གྲུབ་པའི་གྲུབ་ཆ་གལ་ཆེན་ཡིན་པས། “བྱང་གསུམ”སོགས་ལས་གཞི་གཙོ་བོ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བྱེ་འགོག་བྱེ་བཅོས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས《བྱེ་འགྱུར་ཅན་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་“བྱང་གསུམ”སོགས་སྐྱེ་ཁམས་ལས་གཞི་གཙོ་བོ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་བའི་ལག་བསྟར་བསམ་འཆར》 《“བྱང་གསུམ”ལས་གཞིའི་དུས་བཅད་དྲུག་པའི་རིང་གི་མཚོ་སྔོན་ཞིང་ཆེན་གྱི་འཆར་འགོད་ལག་བསྟར་ཇུས་གཞི(2021-2030)》《རྨ་ནུབ་དོག་མོ་ནས་ཐ་ཁེ་ལས་མ་ཀན་བྱེ་ཀློང་གི་ཡས་མཐའི་འགོག་རྒོལ་དམག་ལས་མཚོ་སྔོན་ཁོངས་ཀྱི་བྱེ་འགོག་བྱེ་བཅོས་འགག་གཏོར་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི(2024-2026年)》བཅས་པར་འགྲེམས་བྱས་པ་དང་། དེང་ཕྱིན་གྱི་དུས་སྐབས་ཤིག་ནང་ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དང“བྱང་གསུམ”ལས་གཞི་འཛུགས་སྐྲུ་ལ་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེད་བཏང་ངོ། །
རྩོམ་སྒྲིག་པ། ཁོན་ཐར་འཚོ།