མཚོ་སྔོན་གསར་འགྱུར་དྲ་འཕྲིན། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱ་ཆེད། ཉེ་ཆར་ཞིང་ཆེན་སྲིད་གྲོས་ཀྱིས《མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་ལས་དོན་ལེགས་སྒྲུབ་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཟོས་ནས་པར་འགྲེམས་བྱས།
《བསམ་འཆར》ནང་བུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྣམ་པ་ཀུན་ཏུ་སློབ་སྟོན་དུ་བཟུང་སྟེ། མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་དང་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་སྐུལ་འདེད་གཏང་བ་བརྗོད་དོན་དུ་བཟུང་ཐོག འགན་ནུས་སྒྲུབ་རིམ་ཧྲིལ་པོར་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་པ་ལས་ཀའི་ཕྱོགས་སོ་སོར་ཁྱབ་ཏུ་བཅུག་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་ཆེན་པོ་འདོན་དགོས། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་མཐའ་འཁྱོངས་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་ཞིག ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་ཟ་འཐུང་བྱས་པའི“གཏན་འགོག་བཅུ”མཐའ་འཁྱོངས་བཅས་བྱས་ཏེ་བརྟག་ཞིབ་བྱེད་སྒོ་གྲོན་ཆུང་དང་། དངོས་གཉེར། ཕན་འབྲས་ཐོན་པ་བཅས་ལ་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན།
གོ་རིམ་ཚད་ལྡན་དུ་གཏོང་བའི་ཐད། 《བསམ་འཆར》གྱི་ནང་ལོ་རེའི་ལོ་སྟོད་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ལས་ཀའི་གཙོ་གནད། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། ཞིང་ཆེན་སྲིད་གྲོས་ཀྱི་ལོ་འཁོར་གྲོས་མོལ་འཆར་གཞི་སོགས་ལ་གཞིགས་ནས་ཆེད་དོན་ཨུ་ལྷན་ཁག་དང་ལས་ཁུངས་ཀྱི་ལས་ཁུངས་ཁག་གིས་བརྟག་ཞིབ་བྱ་གཞི་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱ་ཡུལ་གྱི་འགན་འཛིན་སྡེ་ཁག་སོ་སོས་བརྟག་དཔྱད་ཞིབ་འཇུག་ལ་གྲ་སྒྲིག་གང་ལེགས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱ་ཡུལ་བཀོད་སྒྲིག་བྱེད་སྐབས་དཔེ་མཚོན་གྱི་ཉམས་མྱོང་ལྡན་པའི་ས་ཁུལ་དང་། ལས་ཁུངས། རྣམ་གྲངས་དང་རང་བྱུང་ཆ་རྐྱེན་ཞན་པ། ལས་ཀའི་རྨང་གཞི་ཞན་པ། གནས་ཚུལ་རྙོག་འཛིང་ཆེ་ཞིང་དཀའ་ངལ་ཆེ་བ། མང་ཚོགས་ཀྱི་བསམ་འཆར་ཅུང་མང་བའི་ས་ཁུལ་བཅས་ལ་ལྟ་རྟོག་བྱ་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་མཁན་ཚོ་ཆུང་གི་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གི་ཁོངས་མིས་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་རིགས་ཁོངས་ཀྱི་ཨུ་ཡོན་གཙོར་བཟུང་ནས་དོན་དངོས་ཀྱི་དགོས་མཁོར་གཞིགས་ཏེ་ཆེད་མཁས་པ་དང་མཁས་དབང་སོགས་ཞུགས་པར་བསྡུ་ལེན་འོས་འཚམ་བྱ་ཆོག འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་བར་དང་རིགས་ཁོངས་བར་གཞོགས་འདེགས་འོག་བརྟག་ཞིབ་དགོས་པ་དང་། དམངས་གཙོའི་ཏང་ཤོག་ཁག་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག་བརྟག་ཞིབ་དགོས་པ། གྲོང་ཁྱེར་དང་། ཁུལ། རྫོང་། ཆུས་བཅས་ཀྱིས་སྲིད་གྲོས་དང་མཉམ་དུ་བརྟག་ཞིབ་བྱ་དགོས། ཀྲུང་གུང་ཏང་ཡོན་མི་གྲངས3ཡན་དང་བརྟག་དཔྱད་ཞིབ་འཇུག་བྱེད་ཡུན་ཉིན5ལས་བརྒལ་བའི་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་ལ་གནས་སྐབས་ཀྱི་ཀྲུང་གུང་ཏང་ཀྲི་པུའུ་འཛུགས་དགོས་པ་མ་ཟད། བརྟག་དཔྱད་ཞིབ་འཇུག་མཇུག་བསྒྲིལ་དུས་ལས་ཀ་ཡང་མཇུག་བསྒྲིལ་དགོས། ས་གནས་ས་ཐོག་ཏུ་རིམ་པ་མང་བ་དང་། ཕྱོགས་མང་བ། ཐབས་ལམ་མང་བ་བཅས་ཀྱི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་ནས་གནས་ཚུལ་དངོས་ལ་རྒྱུས་ལོན་དང་། དམངས་འདུན་བརྟག་དཔྱད། མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་དེ་བཞུགས་མོལ་ཚོགས་འདུ་དང་ས་ཆ་དེ་རང་དུ་རྟོག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ཆོག་པ་དང་། དུས་མཚུངས་སུ་གཞི་གྲངས་ཆེན་པོ་དང་འཕྲིན་སྦྲེལ་དྲ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་གི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་ཆོག ཡུལ་དངོས་བརྟག་ཞིབ་ཀྱི་དུས་མཇུག་གམ་མཇུག་འགྲིལ་རྗེས་དུས་ཐོག་ཏུ་བརྟག་ཞིབ་ཚོ་ཆུང་ནང་ཁུལ་ནས་བགྲོ་གླེང་ཚོགས་འདུ་འཚོགས་དགོས་པའི་བླང་བྱ་བཏོན་ཡོད།
གྲུབ་འབྲས་གཞན་སྒྱུར་ལ་དམིགས་ནས། 《བསམ་འཆར》ནང་སྤུས་ཚད་མཐོ་བའི་བརྟག་ཞིབ་སྙན་ཞུ་འབྲི་དགོས་པ་དང་། བརྟག་ཞིབ་མཇུག་འགྲིལ་རྗེས་སྤྱིར་བཏང་ལས་ཀའི་ཉིན་གྲངས10ཡི་ནང་བརྟག་ཞིབ་སྙན་ཞུ་ལེགས་སྒྲུབ་བྱེད་དགོས། བརྟག་ཞིབ་སྙན་ཞུའི་ནང་དོན་དངོས་ཡང་དག་ལ། གཙོ་གནད་འབུར་དུ་ཐོན་པ། གོ་རིམ་གསལ་བ། རྒྱས་བཤད་གཟབ་ནན། ཡི་གེ་ཞིབ་ཅིང་དག་པ་ཞིག་ཡིན་དགོས་པ་དང་། ཡིག་འབྲུ་སྤྱིར་བཏང་ཡིག་འབྲུ5000ལས་མི་བརྒལ་བ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱས་འབྲས་གོང་ཞུ་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། བརྟག་དཔྱད་ཞིབ་འཇུག་དང་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་བྱེད་སྟངས་སྣ་ཚོགས་ཟུང་དུ་སྦྲེལ་ཞིང་། བརྟག་དཔྱད་ཞིབ་འཇུག་གི་དཔྱད་གཞིའི་ཡིག་རིགས་སྡེབ་སྒྲིག་དང་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བས། བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གི་ཨུ་ཡོན་གྱིས་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་སམ་བཞུགས་མོལ་ཚོགས་འདུ་གཞན་དག་སྟེང་གཏམ་བཤད་པར་འོས་སྦྱོར་བྱ་ཆོག བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དངོས་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་དང་། འབྲེལ་ཡོད་སྡེ་ཁག་གི་བརྟག་དཔྱད་ཞིབ་འཇུག་བྱས་འབྲས་བསྡུ་ལེན་དང་དང་ལེན་བྱས་པའི་གནས་ཚུལ་དུས་ཐོག་ཏུ་རྗེས་འདེད་དང་འཚོལ་སྡུད་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་དགེ་མཚན་ལེགས་པོ་འདོན་སྤེལ་དང་། ཞན་ཆ་གསབ་པ། དྲག་ཞན་བཅས་ཀྱི་བྱེ་བྲག་གི་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་ཅན་དུ་འགྱུར་བར་སྐུལ་འདེད་དང་། བརྟག་དཔྱད་ཞིབ་འཇུག་བྱས་འབྲས་དྲིལ་སྒྲོག་དང་གནས་འཕྲིན་སྤེལ་ཤུགས་ཇེ་ཆེར་གཏོང་དགོས།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།