རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་གྱི་བརྩམས་ཆོས་ཕྱོགས་བསྒྲིགས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

གླེང་གཞི།

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ནི་འདི་ག་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་སྤེལ་དང་སྤེལ་བཞིན་པའི་རྩོམ་རིག་འགྲན་སྡུར་གྱི་བྱ་འགུལ་ཞིག་ཡིན་ལ། ད་ལྟ་བྱ་འགུལ་འདི་ཉིད་བོད་ཀྱི་རྩོམ་རིག་གི་སྡིངས་ཆར་ཀུན་གྱིས་མཐོང་ཆེན་བྱ་ཡུལ་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་དུ་ང་ཚོས་ལོ་རེར་ཐེངས་རེ་སྟེ་བསྡོམས་པས་སྐབས་ལྔར་སྤེལ་ཟིན། ལོ་འདི་དག་རིང་སྒྲུང་ཐུང་འགྲན་སྡུར་སྤེལ་བའི་ཉམས་མྱོང་ལ་གཞིགས་ན། སྐབས་འགར་སྒྲུང་ཐུང་འགྲན་སྡུར་སྤེལ་མཚམས་བཞག་རྗེས་རྩོམ་ལེགས་པོ་འགའ་རེ་འབྱོར་བའི་གནས་ཚུལ་ཡང་འབྱུང་བས། ད་ལོ་ནས་བཟུང་ལོ་གཉིས་རེའི་ནང་འགྲན་སྡུར་ཐེངས་རེ་སྤེལ་ནས་སྔོན་གྱི་ཞན་ཆ་རྣམས་ཁ་གསབ་ཀྱིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ལ། བྱ་དགའི་རྣམ་གྲངས་དང་དངུལ་གྲངས་སོགས་ལ་སྔར་བཞིན་འགྱུར་བ་མེད།

བོད་ཀྱི་རྩོམ་རིག་གི་འཕེལ་ལམ་རིང་མོར་ཕྱིར་ལྟ་ཞིག་བྱས་ཚེ།མཚོ་སྔོན་བོད་ཡིག་གསར་འགྱུརནི་ནམ་ཡང་ཟུར་དུ་ལངས་ནས་ལྟད་མོར་ལྟ་མཁན་ཞིག་མིན་པར། བོད་ཀྱི་རྩོམ་རིག་དེ་ཉིད་ལེགས་པའི་ལམ་དུ་བཀྲི་མཁན་གྱི་སྐུལ་འདེད་པའམ་སྣེ་ཁྲིད་པ་ཞིག་ཏུ་ཅིས་ཀྱང་ངོས་བཟུང་ཆོག་སྙམ། དེང་རབས་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་གང་ཡིན་རུང་ཚགས་པར་འདི་དང་འབྲེལ་བ་དམ་པོ་ཡོད་དེ། དཔེར་ན། བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་ཐོག་མར་བགྲང་བའི་དཔལ་དོན་གྲུབ་རྒྱལ་གྱིཔད་མཚོདངའབྲུག་མཚོསོགས་ཚགས་པར་འདི་བརྒྱུད་ནས་ཀློག་མཁན་ཁྲི་སྟོང་གི་མིག་ལམ་དུ་བཀྲམ་ཞིང་། དེ་བཞིན་ཀློག་མཁན་མང་བོར་གཡོ་འགུལ་བཟོས་མྱོང་བའི་ལྷུག་རྩོམ་མམ་འབོལ་རྩོམ་དེ་དག་ཀྱང་འདི་ནས་ལམ་དུ་ཆས་པ་རེད། ལྷག་ཏུ་ད་རེས་ཀྱི་སྒྲུང་ཐུང་འགྲན་སྡུར་ལྟ་བུར་མཚོན་ན། འདི་ཡང་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་ལྟོས་བཅས་ཀྱིས་གཉོམ་ས་དང་ཕྲ་ས་ཡིན་པའི་སྒྲུང་གཏམ་གྱི་སྐོར་འདི་དར་རྒྱས་གོང་འཕེལ་འབྱུང་བར་དམིགས་ནས། ང་ཚོས་ཡོད་པ་རུམ་ནས་བཏོན་ཞིང་མེད་པ་གླིང་ནས་བཙལ་ཏེ་སྟེགས་བུ་འདི་ལྟ་བུ་ཞིག་བསྐྲུན་ཅི་ཐུབ་ལ་འབད་པའི་ལག་ལེན་ཡིན།

ལོ་ངོ་ལྔའི་རིང་དུ། རྩོམ་པ་པོ་གཞོན་དར་རྒན་གསུམ་དང་། ལྷག་པར་དུ་གསར་སྐྱེས་རྩོམ་པ་པོ་སྐོར་ཞིག་སྔོག་འདོན་བྱས་ཏེ། འདི་ག་ཚགས་པར་སྟེང་བསྡོམས་པས་སྒྲུང་ཐུང250ཡས་མས་ཙམ་སྤེལ་ཞིང་། དེ་དག་ལས་བྱ་དགའ་ཐོབ་པའི་སྒྲུང་ཐུང30དེབ་གཟུགས་སུ་བསྐྲུན་ཏེ་ཀློག་མཁན་ཀུན་གྱི་སྤྱན་ལམ་དུ་བསྟར་བ་ཡིན། ང་ཚོ་དགའ་འོས་པ་ཞིག་ནི། དེ་སྔ་ཀུན་གྱི་མཐོང་ཐོས་སུ་མ་གྱུར་པའི་གསར་སྐྱེས་རྩོམ་པ་པོ་སྐོར་ཞིག་སྟེགས་བུ་འདི་བརྒྱུད་ནས། བོད་མདོ་དབུས་ཁམས་གསུམ་གྱི་རྩོམ་རིག་དུས་དེབ་ཆེ་གྲས་ཁག་གི་རྩོམ་པ་པོའི་དཔུང་སྡེར་ཚུད་ཟིན་པ་དེ་རེད། འདི་ནི་ང་ཚོའི་ཐོག་མའི་དམིགས་འདུན་ཡིན་ལ། མུ་མཐུད་དུ་ལས་འདིར་ཤུགས་འདོན་པའི་སྒུལ་ཤུགས་ཀྱང་ཅིས་མ་ཡིན།

ལོ་འདི་དག་གི་རིང་དུ་སྒྲུང་ཐུང་འགྲན་སྡུར་སྤེལ་བའི་ཉམས་མྱོང་དངོས་ལ་གཞི་བཅོལ་ན། བྱ་འགུལ་འདིར་ཞུགས་མཁན་མང་ཆེ་ཤོས་ནི་བོད་ཀྱི་སློབ་གྲྭ་ཆེན་མོ་པ་དག་སྟེ། ཁོ་ཚོས་རང་གི་ལང་ཚོའི་ཟིལ་ཤུགས་ཡི་གེའི་ཕྲེང་དུ་བརྒྱུས་ཏེ་ང་ཚོར་རྩོམ་རིག་གི་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས་པ་རེད། འདིར་ཚགས་པར་ཁང་གི་ངོས་ཐད་དམ་རྩོམ་སྒྲིག་པའི་ངོས་ཐད་ནས་ཁོང་ཅག་ཤ་དར་ཁྲག་དར་གྱི་ན་གཞོན་རྣམས་ལ་བཀའ་དྲིན་ཞུ་དགོས་ཡོད་དེ། ཁྱེད་ཅག་གི་ཟབ་ཞུགས་དང་རྒྱབ་སྐྱོར་ནི་ང་ཚོའི་ལས་ཀ་འདིའི་རམ་འདེགས་ཆེ་ཤོས་དེ་ཡིན་ལ། ཡང་གཅིག་བཤད་ན། ང་ཚོ་ཐུན་མོང་གི་ལས་འདི་གོང་ནས་གོང་དུ་སྤེལ་བའི་སྟོབས་ཤུགས་གསར་པ་ཡང་ཡིན། ཡིན་ནའང་། རྩོམ་ཡིག་མང་ཆེ་ཤོས་ཤིག་སློབ་གླིང་གི་ཁྱོད་དགའ་ང་སྐྱིད་ཀྱི་བརྩེ་དུངས་ཀྱི་གཏམ་རྒྱུད་ཙམ་ལས་འགོངས་ཐུབ་མེད་པ་ནི། རྩོམ་སྒྲིག་པ་རང་ངོས་ནས་མཚམས་རེར་བསམས་ན་ཕངས་སེམས་ཤིག་ཏུ་ཡང་འདོད་མྱོང་མོད། ཁྱེད་ཅག་ནི་ན་ཚོད་སྟ་གོན་གྱི་ཚོད་དུ་གནས་པས་ན། མ་འོངས་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡངས་པོར་སྤོབས་པས་ཞུགས་ནས། ཁྱེད་ཅག་གི་སྨྱུག་རྩེར་ལྗིད་ཀྱིས་ས་གཞི་འདར་ཞིང་། མཐོན་པོས་གངས་རྩེ་ནོན་པ། ཡངས་པས་རིགས་དྲུག་འདུ་བ།  མཛེས་པས་མི་སེམས་འདྲེན་པའི་བརྩམས་ཆོས་འབོར་ཆེན་མི་འཁྲུངས་པའི་ངེས་པའང་ག་ལ་ཡོད། དེ་ལྟར་བསམས་ཚེ། ཕངས་སེམས་དང་སྨྲེ་སྔགས་མཐའ་དག་ཐལ་རྡུལ་དུ་དོར་ནས། ཡིད་ཆེས་དང་ང་རྒྱལ་གྱི་མགོ་འཕངས་ཁྱེད་ཅག་གི་ཕྱོགས་སུ་མི་སྲིང་རང་དབང་ཅི།

འགྲན་སྡུར་འདི་ལྟ་བུ་ཞིག་སྤེལ་བར་ལེགས་ཚོགས་ཀྱི་རྒྱུ་སྣ་ཚོགས་ཤིག་སྨིན་དགོས་པ་བཤད་ཅི་ལ་དགོས། གོང་མགོ་ཁྲིད་ཀྱི་མཛུབ་སྟོན་དང་། ཕྱག་ཟུང་ཡངས་པའི་སྦྱིན་བདག ལེགས་ཉེས་འབྱེད་པའི་དཔྱད་འདེམ་པ་སོགས་གཅིག་ཀྱང་མེད་མི་རུང་སྟེ། ཁོ་ཚོ་ཡོད་པས་ང་ཚོའི་ཡི་གེའི་ཁང་བཟང་འདི་ཇེ་རྒྱས་ཇེ་ལེགས་སུ་བསྐྲུན་པར་རྨང་རྡོ་བརྟན་པོ་ཞིག་བཏིངས་པ་རེད།  མཐར་ལས་འདིར་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། །

2023ལོའི་ཟླ8པའི་ཚེས13ཉིན།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།